ཟླ1ཚེས7ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ལྔའི་སྟེང་། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་ཡོམ་བྱུང་བར་བརྟེན། གནོད་ཐེབས་ཀྱི་གནས་ཚུལ་ལས་ཕྱོགས་སོ་སོའི་སེམས་ཤུགས་གཅིག་ཏུ་སྒྲིལ། ཟླ1ཚེས10ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མྱུར་དུ་སྒོར་ས་ཡ་གཉིས་ཀྱི་དངོས་ཟོང་གྲ་སྒྲིག་བྱས་ནས་གནོད་ཁུལ་དུ་རོགས་སྐྱོབ་བྱས་པས་ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་སོ་སོ་ནས་རོགས་སྐྱོར་བྱེད་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས།
ཐེངས་འདིའི་ཞལ་འདེབས་དངོས་ཟོང་ནི་ལྗིད་ཚད་ཏུན་བཅོ་བརྒྱད་ཡོད་པའི་ཡུས་ཧྲུའུ་ཡི་སྐམ་ཤ་དང་། ལུག་ཤ་ཡིན་པས་འདི་དག་ནི་གནོད་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་ཐད་དང་། ཁོ་ཚོ་དཀའ་གནད་སྒྲོལ་ཐུབ་པར་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད། ཉིན་དེའི་ཕྱི་དྲོར། དངོས་ཟོང་དྲུད་པའི་རླངས་འཁོར་རུ་ཁག་ཆུ་དམར་ལེབ་རྫོང་ནས་ལམ་ལ་ཆས་པ་དང་། ཟླ1པོའི་ཚེས13ཉིན་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ཐོན་རྒྱུ་ཡིན་པས། ས་ཡོམ་གནོད་ཁུལ་གྱི་མང་ཚོགས་ལ་ཡུས་ཧྲུའུ་ཡི་བརྩེ་སེམས་བསྐྱལ་ཡོད།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་གཞིས་ཀ་རྩེ་དིང་རི་རྫོང་གི་བར་ལ་ལེ་བར་སྟོང་གིས་ཆོད་ཀྱང་། ས་གནས་གཉིས་ཀྱི་རིག་གནས་འདྲ་མཚུངས་དང་ཁྲག་རྒྱུན་གཅིག་པའི་སྤུན་ཟླའི་བརྩེ་འདང་ཡོད་ཕྱིར། གནོད་ཁུལ་མང་ཚོགས་དཀའ་ཁག་ལས་བརྒལ་བར་རོགས་བྱེད་པ་ནི་ཡུས་ཧྲུའུ་ཡི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་འོས་འགན་དང་འགན་འཁྲི་ཞིག་ཏུ་བརྩིས་ཡོད། ཐེངས་འདིའི་དངོས་ཟོང་ཞལ་འདེབས་ཕུལ་བ་ལས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གནོད་ཁུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཡོད་ལ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་སེམས་པ་གཅིག་མཐུན་དང་། དཀའ་ཁག་མཉམ་སྒྲོལ་གྱི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།