ཟླ1ཚེས10ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐོར་ཉེར་བཞི་པའི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་ཞབས་ཞུ་ཚོགས་པར་སྐྱེལ་མ་ཞུ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
འདེམ་མངགས་བྱས་པའི་འབུམ་རམས་ཞབས་ཞུའི་ཚོགས་པ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་དུས་རབས་གསར་པའི་འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་ལག་བསྟར་དངོས་འབེབས་བྱེད་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོར་རྒྱབ་སྐྱོར་བྱེད་པ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་ན་གཞོན་འཇོན་མི་སྦྱོར་བརྡར་གསོ་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་གཅིག་གི་རིང་ལ། འབུམ་རམས་པ་སོ་གཅིག་གིས་རང་རང་གི་ལས་གནས་ལ་རྐང་བཙུགས་ཏེ། གཞི་རིམ་ལས་ཡུལ་དང་པོར་དཀའ་སྤྱད་འབད་འཐབ་དང་མཐོང་རྒྱ་བསྐྱེད་ཅིང་། འཕེལ་རྒྱས་འཆར་འགོད་དང་ནུས་པ་གང་ལེགས་བཏོན་ལ། བློ་འདོན་ལག་རོགས་ཀྱི་ནུས་པ་དང་། འབྲེལ་ཟམ་སྒྲོག་ཐག་གི་ནུས་པ། དཀའ་གནད་ཁྱད་སེལ་གྱི་ནུས་པ། འཇོན་མི་བསྡུ་འགུག་དང་གསོ་སྐྱོང་སོགས་ཕྱོགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་ཕུལ། ཞབས་ཞུའི་སྐབས་སུ། ཚན་རིག་ཞིབ་འཇུག་རྣམ་གྲངས་དང་ཞིབ་འཇུག་བྱ་གཞི་བརྒྱ་དང་ལྔ་བཅུ་ལྷག་ལ་མགོ་འཛིན་ཁུར་ལེན་བྱས་པ་དང་། རྣམ་གྲངས་གལ་ཆེན་སུམ་ཅུ་ལྷག་མཚོ་སྔོན་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། ཇུས་ཆོད་བློ་འདྲིའི་སྙན་ཞུ་བདུན་སྤྲད་པ་དང་རིགས་སོ་སོའི་ཞིབ་འཇུག་བྱ་གཞི་གསར་པ་ཉི་ཤུ་ལྷག་གསར་སྤེལ་བྱས། རྣམ་པ་མི་འདྲ་བའི་གཤགས་བཅོས་སྟོང་གཉིས་ལྷག་དང་ནད་བརྟག་མི་ཐེངས་ཆིག་སྟོང་ལྔ་བརྒྱ་བྱས་ལ། གཞི་རིམ་ལ་ཞབས་འདེགས་ཞུ་བའི་བྱ་འགུལ་ཐེངས་བཞི་བཅུ་ལྷག་སྤེལ། རིགས་མི་འདྲ་བའི་རིགས་གཞུང་གྲོས་ཚོགས་ཐེངས་བརྒྱ་ལྷག་བསྡུས་པ་དང་། ཞིབ་འཇུག་སློབ་མ་བཞི་བཅུ་ལྷག་ལ་མཛུབ་སྟོན་བྱས་ཤིང་། འཇོན་མི་མི་ཐེངས་ཁྲི་གཅིག་ལྷག་ལ་གསོ་སྦྱོང་བྱས་པས། ལས་ཁུར་སྦྱོང་བརྡར་ཞབས་ཞུའི་ལས་ཁུངས་ཀྱི་ཁས་ལེན་ཐོབ་ཡོད། དེ་ལས་གཞན། འབུམ་རམས་པ་བདུན་གྱིས་རང་འགུལ་སྒོས་ལས་ཁུར་སྦྱོང་བརྡར་གྱི་དུས་ཡུན་ཇེ་རིང་དང་ལས་གནས་སོར་འཇོག་གི་རེ་ཞུ་བྱས་ཏེ། མུ་མཐུད་དུ་མཚོ་སྔོན་གསར་པ་བསྐྲུན་ཆེད་འཐབ་ཇུས་དང་ནུས་ཤུགས་འདོན་རྒྱུ་རེད།
ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུས་སྐོར་ཉེར་བཞི་པའི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་ཞབས་ཞུའི་ཚོགས་པའི་ཁོངས་མིར་ཕུལ་བྱུང་འབུམ་རམས་པའི་དཔང་ཡིག་བྱིན། འབུམ་རམས་ཞབས་ཞུ་ཚོགས་པའི་ཁོངས་མི་ཡོངས་ཀྱིས་གཅིག་གྱུར་སྒོས་འདོད་དོན། མཚོ་སྔོན་དང་ཁ་བྲལ་ཡང་བརྩེ་སེམས་ལ་འགྱུར་བ་མེད། རྗེས་ཕྱོགས་མུ་མཐུད་མཚོ་སྔོན་ལ་སེམས་ཁུར་དང་མཚོ་སྔོན་ལ་དོ་སྣང་། མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་ཅིང་། མུ་མཐུད་འབྲེལ་གཏུག་པ་དང་མཐུན་སྦྱོར་པ། དྲིལ་སྒྲོག་པ་བཟང་པོ་ཞིག་བྱས་ནས། ཕ་ཡུལ་གཉིས་པ་ལྟ་བུའི་མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་ཐད་ནུས་ཤུགས་ཐབས་ཇུས་འབུལ་རྒྱུ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།