ཚོང་དོན་པུའུ་ཡིས་འཛད་སྤྱོད་སྐུལ་སྤེལ་སོགས2025ལོའི་གཙོ་གནད་ལས་དོན་ཁག་བརྒྱད་བཀོད་སྒྲིག་བྱས།
2025.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 65

གསར་འགོད་པས་ཟླ1ཚེས11ཉིན་ནས་ཚེས12བར་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཚོང་དོན་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར་རྒྱལ་ཡོངས་ཀྱི་ཚོང་དོན་བྱ་བ་ཇི་ལྟར་བསྒྲུབ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་ཆེད། རྒྱལ་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་ཕྱོགས་བརྒྱད་ཀྱི་ལས་དོན་གཙོ་གནད་དུ་འཛིན་རྒྱུ་རེད།

ཞིབ་ཕྲའི་ངོས་ནས་བཤད་ན། གཅིག་ནས་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས། འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་ཤུགས་ཆེ་རུ་བཏང་ནས་རྒྱ་སྐྱེད་ལག་བསྟར་བྱེད་དགོས། གཉིས་ནས་ནུས་ཤུགས་ཡོད་རྒུས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བར་བྱེད་རྒྱུ་དང་། ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ཕྱི་རྒྱལ་གྱི་མ་དངུལ་ནང་འགུག་བྱས་ནས་གསོག་ཚད་བརྟན་གཏོང་དང་ཇེ་མང་དུ་གཏོང་བར་སྐུལ་འདེད་བཏང་ནས། ཚོང་གཉེར་གྱི་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། བཞི་ནས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་སྒོ་འབྱེད་སྟེགས་བུ་འཛུགས་སྐྲུན་བྱེད་དགོས། ལྔ་ནས་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཕྱི་ཕྱོགས་ལ་མ་དངུལ་གཏོང་བའི་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། དྲུག་ནས་དངོས་གཉེར་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་དགོས། བདུན་ནས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་འབད་པས་ཞུགས་ནས། ཕྱོགས་མང་དང་ཕྱོགས་གཉིས་ས་ཁོངས་ཀྱི་དཔལ་འབྱོར་ལས་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། བརྒྱད་ནས་ཉེན་ཁ་ཆེ་གྲས་སྔོན་འགོག་དང་སེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས།

ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཚོང་དོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་སོ་སོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་མཉམ་དུ། ལོ་མཇུག་དང་ལོ་མགོའི་བདེ་འཇགས་ཐོན་སྐྱེད་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་སོ་སོ་ཡོངས་འགྲུབ་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།