རྨ་ལྷོ་ཁུལ་གྱིས་ཟོང་རྟགས་ཀྱིས་ལྗང་མདོག་ཞིང་ཕྱུགས་ཀྱི་སྤུས་ཚད་མཐོར་འདེགས་བཏང་ནས་ཕན་འབྲས་ཐོབ།
2025.01.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 67

ཟླ1ཚེས10ཉིན།    རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་ཤོ་ཏོ་ནོར་གནག་ཐོན་རྫས་ཐད་ཚོང་ཁང་དུ་མི་རྣམས་འཚང་ཁ་ཤིག་ཤིག་བྱེད་བཞིན་ཡོད།     “མྱུར་དུ་ང་ཚོའི་ཤོ་ཏོ་ནོར་ཤ་རོལ་མྱོང་བྱེད་དུ་ཤོག ཤའི་སྤུས་ཀ་གསར་བ་དང་བྲོ་བ་ཁྱད་ཆོས་ལྡན་པས།    ལོ་གསར་སྐབས་གཉེན་ཉེ་གྲོགས་པོར་འཚམས་འདྲིར་ཕེབས་པའི་གདམ་ག་ལེགས་པོ་ཞིག་ཡིན”ཞེས་ཉོ་སྒྲུབ་མཁན་གྱིས་སྤྲོ་སེམས་འཁོལ་བའི་ངང་ནས་མགྲོན་པོ་རྣམས་ལ་དེ་ལྟར་བཤད་བཞིན་ཡོད།  མིག་སྔའི་བར་དུ། རྨ་ལྷོ་ཁུལ་གྱིས་ས་གནས་ཀྱི་མཚོན་བྱེད་དུ་གྱུར་པའི་ཞིང་ལས་ཐོན་རྫས་དང་།    སྐྱེ་ལྡན་ཞིང་ལས་ཐོན་རྫས།    ལྗང་མདོག་ཟས་རིགས་བཅས་བསྡོམས་པས་སྣ131བདེ་བླག་ངང་ར་སྤྲོད་བྱས་པ་དང་། ཞིང་ཕྱུག་ཐོན་རྫས་ཀྱི་ཟོང་རྟགས་དང་ཚོང་རྟགས་ནུས་ལྡན་ཐོ་འགོད་བྱས་པའི་གྲངས་ཀ1431ཟིན་ནས། རྨ་ལྷོ་ཁུལ་ལ་ཞིང་ཕྱུགས་ལས་རིགས་ཀྱི་ཟོང་རྟགས་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་མངོན་ཡོད།

2024ལོར། རྨ་ལྷོ་ཁུལ་གྱིས་ཟོང་རྟགས་གསོ་སྐྱོང་བྱ་འགུལ་ཧུར་ཐག་གིས་ལག་བསྟར་བྱས་ཏེ། ཧི་ནན་རྫོང་གི་ནོར་ལུག་གི་ཤ་གསར་བ་དང་རྩེ་ཁོག་རྫོང་གི་ཐོན་རྫས་ལེགས་པོ།   གསེར་མོ་ལྗོངས་དང་མདའ་མོ་གཡང་རྫོང་བཅས་ཀྱི་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་ཡིད་དབང་འགུག་ཤུགས་དང་འགྲན་རྩོད་ནུས་པ་ནུས་ལྡན་སྒོས་ཆེ་རུ་ཕྱིན།   མིག་སྔར། ཤོ་ཏོ་ནོར་གནག་རྒྱལ་ཡོངས་ཀྱི་ཟོང་རྟགས་གསུམ་དང་མཚོན་རྟགས་གཅིག་གི་དཔེ་མཚོན་དུ་བདམས་ཡོད་པ་དང་། རྩེ་ཁོག་གི་སྤུགས་ལེགས་ནོར་གྱི་ཐོན་རྫས་ལ་ཞིང་ཕྱུགས་ཐོན་རྫས་ཐད་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་སྣ་ལྔ་ཐོབ།    ཐུན་རིན་གྲོང་ཁྱེར་སྐོར་བཞི་པའི་རྒྱལ་ཁབ་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དུ་བདམས་པ་དེས་ས་ཁོངས་ཀྱི་ཁྱད་ཆོས་དང་ཐོན་ལས་ཀྱི་ལེགས་ཆ་སྔར་ལས་འབུར་དུ་ཐོན་པ་དང་།    ཟོང་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་ཕྱིན་ནས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

རྨ་ལྷོ་ཁུལ་གྱིས“སྤུས་ཚད་མཐོ་རུ་གཏོང་བ་དང་།    གྲངས་ཀ་ཇེ་བརྟན་དུ་གཏོང་བ།    ཕྲེང་འབྲེལ་གསབ་པ།    སྐྱེལ་འདྲེན་རྒྱ་ཆེར་གཏོང་བ”བཅས་ཕྱོགས་བཞིའི་ཐད་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔོན་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།     མིག་སྔར།    རྩེ་ཁོག་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཧི་ནན་རྫོང་རྒྱལ་ཁབ་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད།     དེ་དང་ཆབས་ཅིག རང་བྱུང་རྩྭ་སའི་སྐྱེ་ལྡན་དཔང་དངོས་ར་སྤྲོད་དང་།    ནོར་གནག་དང་བོད་ལུག་ཐོན་ཡུལ་གྱི་སྤུས་ཚད་ཁུངས་འདེད་པ།    ཞིང་ལས་ལོ་ཏོག་འདེབས་པའི་ལུད་རྫས་དང་ཞིང་སྨན་ཉུང་གཏོང་གི་ཕན་འབྲས་ཆེ་རུ་གཏོང་བ།    དེ་མིན་ཞིང་ལས་སྲིད་ཇུས་རང་བཞིན་གྱི་ཉེན་ཚབ་སོགས་ཀྱི་ཐད་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། ཞིང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིངས།

རྨ་ལྷོ་ཁུལ་གྱིས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཤུགས་འདོན་བཞིན་ཡོད།     ཤར་ནུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་དེ་མིན་ཐེན་ཅིན་གྱི་ཁ་གཏད་རོགས་སྐྱོར་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་བརྒྱུད་དེ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་ཐེན་ཅིན་ཚོང་གཏམ་གྲོས་ཚོགས། ཞིང་ལས་བརྗེ་རེས་ཚོགས་འདུ་སོགས་གལ་ཆེའི་སྟེགས་བུ་ལ་བརྟེན་ནས་ཁེ་ལས་ལ་སྦྲེལ་མཐུད་བྱས་ཏེ་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་རྒྱ་ཆེན་པོ་བསྐྲུན་ཡོད།     གྲོང་ཁྱེར་ཆེ་གྲས་སོ་སོ་རུ་ཐད་འཚོང་ཁང་བཙུགས་ནས། རྨ་ལྷོའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཁྲོམ་རའི་མདུན་གྲལ་དུ་ཁྱབ་པ་དང་།    ཟོང་རྟགས་ཀྱི་ཁྱད་ཆོས་དང་ལེགས་ཆ་ཕྱོགས་ཡོངས་ནས་འགྲེམས་སྟོན་དང་དྲིལ་བསྒྲགས་བྱས་ཏེ། རྨ་ལྷོའི་ལྗང་མདོག་ཞིང་ཕྱུགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན།

ཤ་བོ་རིན་མཚོས་བསྒྱུར།