ཟླ1ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་སློབ་གསོ་ཐིན་དང་སྤྱི་བདེ་ཐིན། ནོར་སྲིད་ཐིན་སོགས་སྡེ་ཁག་བདུན་དང་མཉམ་འབྲེལ་བྱས་ནས་དབང་པོ་སྐྱོན་ཅན་དང་དྭ་ཕྲུག བདག་མེད་བྱིས་པ་ཁྱིམ་དུ་ལོག་པར་སྔར་ལས་སྐུལ་འདེད་གཏོང་བའི་བརྡ་ཐོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་རྒྱལ་ནང་ཁྱིམ་ཚང་གིས་དབང་པོ་སྐྱོན་ཅན་དང་དྭ་ཕྲུག བདག་མེད་བྱིས་པ་གཉོར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་འགན་སྲུང་རྒྱབ་སྐྱོར་ཞབས་ཞུའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཁོ་ཚོ་ཁྱིམ་དུ་ལོག་པར་བར་ཆད་མེད་པར་བྱེད་པ་དེ་ཡིན།
བརྡ་ཐོ་ལས་དབང་པོ་སྐྱོན་ཅན་དང་དྭ་ཕྲུག བདག་མེད་བྱིས་པ་གཉོར་སྐྱོང་བྱེད་པའི་འགག་རྩའི་ནང་དོན་སྣ་ཚོགས་གཏན་འཁེལ་བྱས་པ་དང་། གཉོར་སྐྱོང་གི་ཁྱབ་ཁོངས་དང་འགན་སྲུང་སྲིད་ཇུས། འཚོ་བའི་འགྲོ་གྲོན་རེ་ཞུའི་བརྒྱུད་རིམ་དང་། རྗེས་འདེད་འཚམས་འདྲིའི་རྐྱེན་སྲོལ་སོགས་ཕྱོགས་གཙོ་བོ་མང་པོར་ཁྱབ་ཡོད། གཉོར་སྐྱོང་གི་ཁྱབ་ཁོངས་གཏན་འཁེལ་བྱེད་པའི་ཐད། བརྡ་ཐོ་ལས་བསྟན་པའི་དབང་པོ་སྐྱོན་ཅན་དང་དྭ་ཕྲུག བདག་མེད་བྱིས་པ་ནི་ཐེམ་ཐོ་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་ཡོད་པའི་ལོ་གཅིག་ནས་བཅོ་བརྒྱད་བར་གྱི་བྱིས་པ་དང་། ཕ་མ་གཉིས་འདས་པ་དང་ཕ་མ་སུ་ཡིན་མི་ཤེས་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པར་གོ་ཞིང་། བྱིས་པའི་ཕན་བདེའི་ལས་ཁུངས་ཀྱིས་གཅིག་སྡུད་གཅེས་སྐྱོང་དང་སྤྱི་ཚོགས་སྟེང་ཁ་ཐོར་དུ་ཡོད་པའི་དབང་པོ་སྐྱོན་ཅན་དང་དྭ་ཕྲུག བདག་མེད་བྱིས་པ་སོགས་འདུས་ཡོད།
འགན་སྲུང་སྲིད་ཇུས་ནི་ཐེངས་འདིའི་བརྡ་ཐོའི་ཁྱད་རྟགས་གཙོ་བོ་ཡིན། གཞི་རྩའི་འཚོ་བའི་འགན་སྲུང་ལ་མཚོན་ནས་བཤད་ན། དབང་པོ་སྐྱོན་ཅན་དང་དྭ་ཕྲུག བདག་མེད་བྱིས་པ་གཉོར་སྐྱོང་བྱས་རྗེས། ཐེམ་ཐོ་ཡོད་སའི་རྫོང་གི་སྤྱི་ཚོགས་སྟེང་ཁ་ཐོར་དུ་ཡོད་པའི་དྭ་ཕྲུག་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞིར་བཟུང་ནས། ལོ་བཅོ་བརྒྱད་བར་དུ་གཞི་རྩའི་འཚོ་བའི་འགྲོ་གྲོན་རྒྱུན་མཐུད་སྒོས་སྤྲོད་རྒྱུ་རེད། སྨན་བཅོས་ལུས་གསོའི་འགན་སྲུང་ཆ་ཚང་བ་སྟེ། ཕྱོགས་གཅིག་ནས། དུས་ལྟར་ལུས་གསོ་དགོས་པའི་བྱིས་པ་ཐག་ཉེ་ས་ནས་སྨན་བཅོས་བྱེད་པའི་རྩ་དོན་ལྟར་བྱིས་པའི་ཕན་བདེའི་ལས་ཁུངས་ཀྱིས་ཡུན་བསྲིངས་ཞབས་ཞུ་བྱེད་པ་དང་། དབང་པོ་སྐྱོན་ཅན་བྱིས་པའི་ལུས་གསོ་སྐྱོབ་རོགས་ས་ཚིགས་ཞབས་ཞུའི་ལས་ཁུངས་ཀྱིས་སྐྱོབ་རོགས་བྱེད་རྒྱུ་རེད། ཕྱོགས་གཞན་ཞིག་ནས། གོང་གསལ་ལས་ཁུངས་རིགས་གཉིས་ཀྱིས་ཕ་ཡར་མ་ཡར་ལ་རིན་མེད་སྒོས་ལུས་གསོ་རྩལ་ནུས་གསོ་སྦྱོང་འདོན་སྤྲོད་བྱེད་རྒྱུ་རེད། གཉོར་སྐྱོང་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ས་གནས་དེ་གའི་དམའ་སྲུང་ཚད་གཞི་ལས་དམའ་བར་མ་ཟད་རྒྱུ་ནོར་གནས་ཚུལ་གཏན་འབེབས་དང་འཚམ་ན། གཏན་འབེབས་ལྟར་དམའ་སྲུང་དུ་འཇོག་པ་དང་། གློ་བུར་དུ་དཀའ་ངལ་དང་འཕྲད་ཚེ་གནས་སྐབས་རོགས་སྐྱོབ་རེ་འདུན་ཞུ་ཆོག་ལ། ལོ་གཅིག་ནས་བཅོ་བརྒྱད་བར་དང་། ལོ་བཅོ་བརྒྱད་རྗེས་སུ་ད་དུང་སློབ་གཉེར་བྱེད་པའི་སློབ་མས་དྭ་ཕྲུག་གི་སྨན་བཅོས་ལུས་གསོའི་འཆར་གཞིའི་རོགས་སྐྱོབ་ལོངས་སྤྱོད་བྱེད་ཐུབ།
སློབ་གསོའི་འགན་སྲུང་ཐད་ནས་གཉོར་སྐྱོང་གི་ཁྱིམ་ཚང་ལ་འགན་སྲུང་ཐོབ་ཡོད་དེ། གཞུང་གཉེར་དང་སྤྱི་ཕན་རང་བཞིན་གྱི་དམངས་སྒྲུབ་བྱིས་སྐྱོང་ཁང་གི་བྱིས་པར་ཆ་རྐྱེན་དང་འཚམ་ན། དཔལ་འབྱོར་དཀའ་ཁག་ཅན་གྱི་བྱིས་པའི་རོགས་དངུལ་ལོངས་སྤྱོད་བྱེད་ཐུབ། འོས་འགན་སློབ་གསོའི་དུས་རིམ་དུ་དཀའ་ཁག་ཅན་གྱི་སློབ་མའི་འཚོ་བའི་གསབ་དངུལ་ཁྲོད་འཇོག་པ་དང་། སྤྱིར་བཏང་མཐོ་འབྲིང་དུ་སློབ་གཉེར་བྱེད་སྐབས་སུ་སློབ་རོགས་མ་དངུལ་ལོངས་སྤྱོད་བྱེད་ཐུབ་ལ། སློབ་ཡོན་མི་དགོས་པའི་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ། མཐོ་འབྲིང་རིམ་ལས་རིགས་དང་སྤྱིར་བཏང་མཐོ་རིམ་སློབ་གྲྭར་སློབ་གཉེར་བྱེད་སྐབས་སུ་སྔོན་ལ་རོགས་སྐྱོར་མ་ལག་ནང་འཇོག་པ། ལོ་བཅོ་བརྒྱད་ལོན་དུས་སྔར་བཞིན་མཐོ་རིམ་སློབ་གྲྭར་སློབ་གཉེར་བྱེད་མཁན་གྱིས་སྲིད་ཇུས་ལྟར་རོགས་སྐྱོབ་ལོངས་སྤྱོད་བྱེད་ཐུབ།
ལྷ་མོ་འཚོས་བསྒྱུར།