བོད་ལྗོངས་དིང་རི་རྫོང་ལ་ཚད་རིམ6.8གྱི་ས་ཡོམ་བྱུང་རྗེས་ཉེན་སྐྱོབ་བདེ་འགོད་དང་བསྐྱར་འཛུགས་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།
2025.01.13 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 116

བོད་ལྗོངས་དིང་རི་རྫོང་ལ་ཚད་རིམ6.8ཀྱི་ས་ཡོམ་བྱུང་རྗེས་ཡོམ་འགོག་རྒུད་སྐྱོབ་བྱ་བ་ཛ་དྲག་ངང་སྤེལ་བཞིན་ཡོད་ལ།  ཕྱོགས་སོ་སོའི་སྟོབས་ཤུགས་ལ་བརྟེན་ནས་ཉེན་སྐྱོབ་བདེ་འགོད་དང་བསྐྱར་འཛུགས་སོགས་ཀྱི་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་།

གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་བདེ་འགོད་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་།  ས་ཡོམ་གནོད་ཁུལ་གྱི་བཀོད་སྒྲིག་གནས་ཚང་མར་གློག་མཁོ་འདོན་དང་པང་ལེབ་ཁང་བ་ཕུབ་པ།  རོགས་སྐྱོར་དངོས་རྫས་སྟེར་བ་སོགས་མགྱོགས་མྱུར་ངང་སྤེལ།  ཟླ1པོའི་ཚེས12ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་བྱ་བའི་ཚན་ཆུང་གིས་མཐུན་སྦྱོར་བྱས་ནས་གསར་དུ་སྒྲིག་པའི་པང་ལེབ་ཁང་བ1100 གནོད་འཚེ་ཐེབས་ཚད་ཅུང་ཚབས་ཆེན་ཡིན་པའི་གྲམ་སོ་ཡུལ་ཚོ་དང་།  ཆུ་ལྷོ་ཡུལ་ཚོ།  མཚོ་སྒང་ཡུལ་ཚོ་རུ་སྐྱེལ་འདྲེན་བྱས།

ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་པའི་མི་སྣར་བཅོས་སྐྱོབ་བྱས།  རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་།  དམག་ཁུལ་སྤྱི་ཁྱབ་སྨན་ཁང་སོགས་ཀྱིས་ཆ་བགོས་འགན་ལེན་བྱས་ཏེ།  གནོད་ཁུལ་སོ་སོའི་སྡོད་དམངས་བཀོད་སྒྲིག་གནས་ཚང་མར་སྨན་བཅོས་ཞབས་ཞུ་ལྟེ་གནས་ཡོད་པར་ཁེག་ཐག་བྱས།   བོད་ལྗོངས་དམག་ཁུལ་སྤྱི་བའི་སྨན་ཁང་གི་སྨན་བཅོས་རུ་ཁག་གིས་གྲམ་སོ་ཡུལ་ཚོའི་ཟིང་དཀར་གྲོང་ཚོ་རུ་སྨན་བཅོས་བཅོས་སྐྱོབ་ལྟེ་གནས་གསར་དུ་བཙུགས་ནས།  སྒྲ་བརྒལ་འགྱེད་འཕྲོ་དང་སྙིང་འཕར་གློག་རིས།  བཤགས་བཅོས་སོགས་ཕྱོགས་བསྡུས་བཅོས་སྐྱོབ་བྱེད་ཐུབ་པ་བྱུང་།  ཕྱོགས་སོ་སོའི་རོགས་སྐྱོར་སྟོབས་ཤུགས་ཀྱིས་རྨང་གཞིའི་སྒྲིག་ཆས་སླར་གསོ་དང་ཞིག་རོ་གཙང་སེལ་སོགས་ཀྱི་བྱ་བ་མགྱོགས་མྱུར་ངང་སྤེལ།

བོད་ལྗོངས་དངུལ་རྩའི་ལྟ་སྐུལ་ཅུའུ་ཡིས་དངུལ་རྩའི་ལས་ཁུངས་ཁག་ལ་གནོད་ཐེབས་ཚོང་མགྲོན་གྱི་རྩིས་ཐོ་བཟོས་ནས།  གནད་འཁེལ་རོགས་སྐྱོར་བྱེད་པའི་བླང་བྱ་བཏོན།  ཚེས11ཉིན་གྱི་ཆུ་ཚོད24བར་དུ།  ཞིང་ལས་དངུལ་ཁང་གིས་ཡོམ་འགོག་རྒུད་སྐྱོབ་དངུལ་བུན་སྒོར་བྱེ་བ་བརྒྱད་དང་ས་ཡ་ལྔ་འབུམ་གཅིག་ཁྲི་བརྒྱད་་བཏང་ནས།   སྔོན་ལ་གནོད་ཐེབས་གཞུང་ལམ་བསྐྱར་འཛུགས་དང་།  ཉེན་ཁང་སླར་གསོ།  ཁེ་ལས་ཆུང་བའི་རྒྱུན་ལྡན་ཚོང་གཉེར་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།