ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། ཉིས་སྟོང་ཉེར་ལྔ་ལོའི་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས(སོག་རིགས)བཅས་ཀྱི་སྨན་བཅོས་བྱ་བའི་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་། ཞིང་ཆེན་སྨན་རྫས་ལྟ་སྐུལ་ཅུའུ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ཡིག་ཆ་བཀྲམ་ནས་ཀྲུང་ལུགས་དང་བོད་ལུགས(སོག་རིགས)བཅས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་བཞི་བརྒྱ་ཉེར་དྲུག་གཞི་རྩའི་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ཁྱབ་ཁོངས་སུ་བཞག་པ་དང་། ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་ཇེ་ལེགས་སུ་བཏང་ཡོད།
ངོ་སྤྲོད་བྱས་པ་ལྟར་ན། ན་ནིང་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། གཅིག་གྱུར་མཐུན་སྦྱོར་དང་རྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་ལས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་བླངས། གོ་རིམ་ལྡན་པའི་ངང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྣམ་གྲངས་གཙོ་བོ་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་སྨན་བཅོས་ལྟེ་གནས་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་མཐུན་སྦྱོར་སྨན་ཁང་གཙོ་བོ། ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་གཙོ་གནད་སྨན་ཁང་སོགས་རྣམ་གྲངས་གཙོ་བོ་ལག་བསྟར་བརྟན་པོ་བྱས་པ་དང་། ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་མཚོ་སྔོན་སྨན་ཁང་བར་བརྒལ་གྱི་ནད་ཁུལ་འཁོར་རྒྱུག་ཡག་པོ་བྱུང་སྟེ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ཚད་མཐོའི་སྨན་ཁང་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་དཔྱད་དཔོག་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། ཞིང་ཆེན་བོད་སྨན་ཁང་ལ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དྲག་སྐྱེད་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་ཆོག་མཆན་ཐོབ་པ་དང་། ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཨེ་ཙི་ནད་སྨན་བཅོས་རྣམ་གྲངས་ལག་བསྟར་ནུས་ལྡན་བྱས་ཡོད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་། ཞིང་ཆེན་སྨན་རྫས་ལྟ་སྐུལ་ཅུའུ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ཡིག་ཆ་བཀྲམ་སྟེ། ཀྲུང་ལུགསདང་བོད་ལུགས(སོག་རིགས)སྨན་བཅོས་སྒྲིག་གཞིའི་སྨན་རྫས་བཞི་བརྒྱ་ཉེར་དྲུག་གཞི་རྩའི་སྨན་བཅོས་འགན་སྲུང་གཏོང་སྤྲོད་ཁྱབ་ཁོངས་སུ་བཞག་པར་མ་ཟད། ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་ཇེ་ལེགས་སུ་གཏོང་ཐུབ། ངེས་པ་དོན་གྱིས་གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་བའི་ལས་གཞིར་སྐུལ་སྤེལ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྲོད(བོད་ལུགས་གསོ་རིག་དང་བོད་སྨན་གྱིས་སྨན་བཅོས་བྱས་པའི་མི་གྲངས་ཀྱིས་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་གཅིག་དགུ་ཟིན་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུ་སྒྲུབ་ནུས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད་ལ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་སྒོ་ཧྲིལ་པོ་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་ཚད་ལྡན་ཅན་གྱི་ལས་དོན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་ཚད་ལྡན་ཡིག་ཆ་ཁག་བཅུ་བདུན་འཚོལ་བསྡུ་དང་ཞུ་དག་བྱས་ལ། པོད་གསུམ་ལེགས་སྒྲིག་བྱས་པ་རེད།
ཚེ་མགོན་རྒྱལ་གྱིས་བསྒྱུར།