2024ལོར། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ལ་ལག་བསྟར་བྱས་པའི་དམིགས་གསལ་ཚོགས་སྤྱི་ལ་སྐུད་ཡོད་བརྙན་འཕྲིན་ཉོ་སྒྲུབ་བྱེད་པའི་ལས་གཞི་ཡོངས་འགྲུབ་བྱས་ལ། ཞིང་ཆེན་རིམ་པའི་ཆེད་སྤྱོད་མ་དངུལ་ཁྱོན་སྡོམ་སྒོར་ས་ཡ་ལྔ་དང་འབུམ་བདུན་ཁྲི་གསུམ་ལྷག་དང་། ན་གོར་མོར་མཛུབ་སྟོན་བྱས་ཏེ་རིམ་པ་དེ་གའི་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བཞི་ཁྲི་གཉིས་བརྩོན་ལེན་བྱས། 2024ལོའི་ཟླ12པའི་ཚེས31ཉིན་བར། ཁྱོན་སྡོམ་དམིགས་གསལ་ཁྱིམ་ཚང་ཁྲི་ལྔ་དང་སྟོང་གཅིག་ཉིས་བརྒྱ་ཞེ་གསུམ་ལ་ཞབས་ཞུ་མཁོ་སྤྲོད་བྱས་ཏེ། འཆར་གཞིའི་ལས་འགན་ཚད་བརྒལ་གྱིས་ཡོངས་འགྲུབ་བྱས་པ་དང་། དམིགས་ཚད་ལ་སླེབས་ཚད100%ཡིན། ལས་གཞི་མགོ་བརྩམས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་གྱི་ཁྱིམ་ཚང་ལོ་སྔོན་མ་དང་བསྡུར་ན13.68%འཕར་ཡོད་ལ། བསྟུན་མར་ལོ་བརྒྱད་རིང་བརྙན་འཕྲིན་སྤྱོད་མཁན་མར་ཆག་པའི་རྣམ་པ་མཇུག་སྒྲིལ་ཏེ། སྐུད་ཡོད་བརྙན་འཕྲིན་གྱི་གཞི་རྩའི་མ་ལག་བརྟན་བརླིང་དུ་བཏང་།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་དེ་ནི་སྲིད་གཞུང་གིས་མ་དངུལ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཆ་རྐྱེན་དང་འཚམ་པའི་དམིགས་གསལ་ཚོགས་སྤྱི་ལ་གཞི་གྲངས་བརྙན་འཕྲིན་ཐད་གཏོང་ལེ་ཚན70ལྷག་བསྡུ་ལེན་བྱེད་ཐུབ་པའི་ཞབས་ཞུ་མཁོ་སྤྲོད་བྱས་ཡོད། ལས་གཞི་བདེ་ལེགས་ངང་ཡོངས་འགྲུབ་བྱེད་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་བྱ་བའི་ཆེད་དོན་ཚན་ཆུང་འཛུགས་པ་དང་། ལག་བསྟར་བྱ་ཐབས་བཟོ་བ། ལས་གཞིའི་སྤྱི་བསྒྲགས་སྤེལ་བ་བཅས་བྱས་ནས། ཞིང་ཆེན་རིམ་པའི་དཔེ་སྟོན་གྱི་ནུས་པ་ཐོན་ཡོད་ལ། ས་གནས་ཀྱི་སྣེ་ཁྲིད་དང་སྲིད་ཇུས་ཁྱབ་བསྒྲགས་ཀྱི་ནུས་པ་ཡང་ཐོན་ཡོད། བྱ་བའི་ཚན་ཆུང་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ། མ་མཐའི་འགན་སྲུང་ཁྱིམ་ཚང་དང་དཀའ་ཁག་ཆེ་བའི་ཁྱིམ་ཚང་། དབང་བོ་སྐྱོན་ཅན་དང་དམག་དཔུང་ནས་ཕྱིར་བུད་པའི་དམག་མི་སོགས་ཀྱི་ཁྱིམ་ཚང་ལ་འཚམ་འདྲི་དང་བརྟག་ཞིབ་བྱས་ཏེ། སྲིད་ཇུས་སྒྲོག་བཤད་དང་དམངས་ཕན་ཞབས་ཞུ་དོན་འཁྱོལ་བྱེད་པར་ཁག་ཐེག་བྱས། དེ་དང་ཆབས་ཅིག རྒྱང་སྒྲོག་བརྙན་འཕྲིན་དང་དྲ་ལམ་བརྙན་འཕྲིན་སོགས་སྨྱན་བྱེད་ཁག་ལ་བརྟེན་པ་དང་། སྡོད་ཁུལ་དང་མཉམ་འབྲེལ་སྒོས་དྲིལ་བསྒྲགས་བྱས་ཏེ། ལས་གཞིའི་ཤེས་རྟོགས་ཚད་ཇེ་མཐོར་བཏང་།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།