ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། གསར་འགོད་པའི་ཉིས་སྟོང་ཉེར་ལྔ་ལོའི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ནད་བཅོས་ལྟེ་བར་འཛིན་པ་ནས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་ཕྱོགས་སུ་བསྒྱུར་བ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་སྤུས་ཚད་མཐོར་འདེགས་དང་། གཞི་རིམ་ལ་དོ་སྣང་དང་སྔོན་འགོག་གཙོར་བཟུང་ནས་ཀྲུང་ལུགས་དང་བོད་ལུགས་སྨན་པར་རྒྱབ་སྐྱོར་བྱེད་པ། མི་འབོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། མང་ཚོགས་ཀྱི་བདེ་ཐང་ཐོབ་སྣང་མུ་མཐུད་ཇེ་དྲག་ཏུ་གཏོང་བ། འཕྲོད་བསྟེན་བདེ་ཐང་བྱ་གཞག་དང་མི་གྲངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
གཞུང་བཙུགས་སྨན་ཁང་གི་ནད་ཁང་སྒྱུར་བཀོད་དང་། གྲོང་ཁྱེར་སྨན་ཁང་དང་དེ་བཞིན་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞིའི་སྨན་བཅོས་སྒྲིག་ཆས་གསར་སྒྱུར། ཀུན་ཕན་གསོ་སྐྱོང་དང་བྱིས་པའི་ཞབས་ཞུའི་སྒྲིག་བཀོད་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་གྲབས་གསོག་བྱས་ཏེ་གཞི་རིམ་གྱི་འཕྲོད་བསྟེན་སྒྲིག་གཞིའི་ཞན་ཆ་ཁ་གསབ། རྫོང་ཁོངས་གསོ་རིག་གི་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་ལས་དོན་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ་རྫོང་ཁོངས་གསོ་རིག་གི་ཐུན་མོང་སྒྲིག་གཞི་བརྟན་དུ་གཏོང་བའི་རྨང་གཞི་བརྟན་པོ་འདིང་བ་དང་ཆབས་ཅིག་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་བཅས་ཀྱིས་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད།
ཡུལ་ཚོ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ཉིས་སྟོང་ཉེར་ལྔ་ལོར་ཚང་མ་ནུས་པའི་ཚད་གཞི་ལོན་པར་བྱེད་དགོས། ཡུལ་ཚོ་དང་ཁྲོམ་གཞུང་ཚང་མར་འཕྲོད་བསྟེན་ཁང་གཅིག་གམ་ཡང་ན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཡག་པོ་གཉེར་རྒྱུར་སྐུལ་འདེད་བཏང་སྟེ། རྫོང་རེར་ལྟེ་བའི་འཕྲོད་བསྟེན་ཁང་གཅིག་ནས་གཉིས་བར་གྱི་ནུས་པ་གཙོ་གནད་ཐོག་ཆེ་རུ་གཏོང་བ་དང་། ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ལ་སྐུལ་འདེད་བཏང་སྟེ། ཁ་ནད། རྒན་པའི་ནད། དལ་བའི་རང་བཞིན་གྱི་ནད། མྱུར་སྐྱོབ། སྨན་རྫས་རིག་པ་སོགས་ཀྱི་ཞབས་ཞུ་རྒྱ་ཁྱབ་ངང་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས།
འགོས་ནད་ཚབས་ཆེན་འགོག་བཅོས་ཡག་པོ་བྱེད་པ་དང་། བྱི་རིམས་དང་། ཐུམ་འབུའི་ནད་དང་། འདུས་འདྲིལ་གཅོང་ནད། ཨེ་ཙིའི་ནད། ཏོག་གསར་གློ་ཚད་སོགས་ནད་རིགས་གལ་ཆེན་དང་ཁྲིམས་བཀོད་ཀྱི་འགོས་ནད་དང་ཡུལ་ནད་སྣ་ཚོགས་ལ་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་བྱ་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་སྟེ། འགོག་བཅོས་བྱས་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་དང་གྲངས་གཞིའི་སྤུས་ཚད་ལ་སྐུལ་འདེད་བཏང་སྟེ། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས་ཡུལ་ཚོ(གྲོང་རྡལ་དང་ཁྲོམ་གཞུང)གི་སློབ་ལོ་རན་པའི་བྱིས་པར་རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད93.05%ཡན་ཟིན་པ་བྱ་དགོས།
ཚེ་མགོན་རྒྱལ་གྱིས་བསྒྱུར།