ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་བརྒྱད་ཀྱིས་མཉམ་འབྲེལ་སྒོས་མཛུབ་སྟོན་བསམ་འཆར་ཞེས་པ་དཔར་ནས་བཀྲམས།
2025.01.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

ཟླ1ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ལུས་རྩལ་ཅུའུ། ཀྲུང་གོ་གུང་ཁྲན་ཏང་ན་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱ་བའི་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་བཅས་སྡེ་ཁག་བདུན་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་བུད་མེད་རྐང་དྲུག་ལུས་རྩལ་པ་མྱུར་དུ་སྐྱེད་སྲིང་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་ཚུལ་ཞེས་པ་དཔར་ནས་བཀྲམས་ཏེ། མགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་དང་ལུས་རྩལ་སློབ་གསོ་མཉམ་འདྲེས་ཟབ་མོ་བྱེད་པ། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལུས་རྩལ་ར་བའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། འཇོན་མི་སྐྱེད་སྲིང་ཐབས་ལམ་རྒྱ་བསྐྱེད་པ་དང་དཔྱད་གླེང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་སོགས་ཕྱོགས་ནས་ལོ་ཆུང་དང་ན་གཞོན་བུད་མེད་རྐང་དྲུག་ལུས་རྩལ་པ་སྐྱེད་སྲིང་བྱེད་པར་སྐུལ་འདེད་གཏོང་ཆེད་ཕྱོགས་ཡོངས་ཀྱི་བཀོད་སྒྲིག་བྱས།

མཛུབ་སྟོན་བསམ་ཚུལ་ལས་བསྟན་དོན། ལོ་ཆུང་དང་ན་གཞོན་བུད་མེད་རྐང་དྲུག་ལུས་རྩལ་པ་སྐྱེད་སྲིང་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་རྐང་དྲུག་འཕེལ་རྒྱས་ཀྱི་འཆར་གཞིའི་ཁྲོད་འཇོག་པ། 2030ལོར་ཐོན་པ་ན། འཇོན་མི་འཚར་ལོངས་ཆོས་ཉིད་དང་མཐུན་ཞིང་ན་གཞོན་ལོ་ཆུང་རྒྱ་ཁྱབ་ངང་ཟབ་ཞུགས་བྱེད་པ། ལུས་རྩལ་ཆུ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བ། རྐྱེན་སྲོལ་ལམ་སྲོལ་གསོན་ཤུགས་ཀྱིས་ཁེངས་པ། རྨང་གཞིའི་ཆ་རྐྱེན་གྱི་འགན་སྲུང་ནུས་ལྡན་ཡོད་པ། རིག་གནས་སྣང་ཚུལ་བཟང་ཕྱོགས་སུ་འཕེལ་བའི་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལོ་ཆུང་བུད་མེད་ཀྱི་སློབ་རའི་རྐང་དྲུག་འཕེལ་རྒྱས་མ་ལག་རྩ་བའི་སྟེང་ཚུགས་པར་བྱེད་རྒྱུ། སློབ་གྲྭས་ན་གཞོན་ལོ་ཆུང་བུད་མེད་རྐང་དྲུག་ལུས་རྩལ་གྱི་བྱ་འགུལ་སྤྱི་ཁྱབ་སྒོས་སྤེལ་ཏེ། སློབ་མ་རྐང་དྲུག་ལུས་རྩལ་གྱི་བྱ་འགུལ་ཁྲོད་ཧུར་ཐག་གིས་ཞུགས་སུ་འཇོག་པ་དང་སློབ་གྲྭའི་རྐང་དྲུག་དགའ་མོས་མཁན་མངོན་གསལ་གྱིས་ཇེ་མང་དུ་གཏོང་བ།། སློབ་མའི་ལུས་ཕུང་བྱང་ཚད་དང་རྩལ་ནུས། རེ་འདུན་བློ་སྤོབས་བཅས་ཇེ་མཐོར་བཏང་ནས། སློབ་རའི་རྐང་དྲུག་ཁྱད་ལྡན་སློབ་གྲྭ་བརྒྱ་དང་དྲུག་ཅུ་ཙམ་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ། ཆུ་ཚད་ཅུང་མཐོ་བའི་ན་གཞོན་བུད་མེད་རྐང་དྲུག་ལུས་རྩལ་རུ་ཁག་བཅུ་ཙམ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས་བུད་མེད་རྐང་དྲུག་ལུས་རྩལ་པའི་ཁྱད་ལྡན་བྱ་བའི་ཚོང་རྟགས་འབད་པས་བསྐྲུན་རྒྱུ་ཡིན་ཞེས་འཁོད་ཡོད།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ན་གཞོན་ལོ་ཆུང་རྐང་དྲུག་སྦྱོང་བརྡར་རུ་ཁག་གཙོར་བཟུང་སྟེ། བུད་མེད་རྐང་དྲུ་ལུས་རྩལ་པ་སུམ་ཅུ་ཐོག་མར་གདམ་ནས་ཐུན་མོང་སྦྱོང་བརྡར་རུ་ཁག་ཅིག་འཛུགས་པ་དང་། ཟླ1ཚེས12ཉིན་ཀོང་ཞི་པའེ་ཧའེ་རུ་སོང་ནས་དགུན་ཁའི་སྦྱོང་བརྡར་ལ་ཞུགས་ཏེ། རྒྱལ་ཡོངས་ན་གཞོན་བུད་མེད་རྐང་དྲུག་ལུས་རྩལ་གྱི་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེའི་འགྲན་སྡུར་ལ་ཞུགས་པར་གྲ་སྒྲིག་བྱེད་པ། ཐེངས་འདིའི་མཛུབ་སྟོན་བསམ་ཚུལ་དཔར་ནས་བཀྲམས་པ་དེས། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་བུད་མེད་རྐང་དྲུག་ལུས་རྩལ་པར་གོ་སྐབས་དང་འགྲན་སློང་གསར་པ་སྔར་ལས་མང་པོ་འདོན་སྤྲོད་བྱས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།