ཟླ1ཚེས26ཉིན་གྱི་ཕྱི་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དྲུག་པ་མཇུག་བསྒྲིལ་བའི་ཚོགས་ཆེན་སྟེང་། 2025ལོའི་སྲིད་གཞུང་གི་དམངས་ཚིས་དོན་དངོས་ལས་གཞིའི་སྐོར་གྱི་གྲོས་ཆོད(འཆར་ཟིན)ལ་ཡུལ་དངོས་ནས་བརྡས་ཐག་བཅད། མཚོ་ལྷོ་ཁུལ་གྱིས2025ལོའི་སྲིད་གཞུང་གི་དམངས་ཚིས་དོན་དངོས་ལས་གཞིར་འདེམས་ཤོག་འཕངས་པ་བརྒྱུད་ནས་ཐག་གཅོད་བྱས་ཤིང་། གྲོས་ཚོགས་སྐབས་ཁྱོན་བསྡོམས་དམངས་ཚིས་དོན་དངོས་གདམ་བྱའི་ལས་གཞི23ལ་གྲོས་ཞིབ་བྱས་པ་དང་འདེམས་ཤོག་འཕངས་པ་བརྒྱུད་དམངས་ཚིས་དོན་དངོས་ལས་གཞི20བདམས་ཐོན་བྱུང་བའི་ལས་གཞི་ཁག་གཤམ་གསལ་ལྟར།
གཅིག ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ། ཆེད་དོན་མ་དངུལ་སྒོར་བྱེ་བ་དྲུག་ལག་བསྟར་བྱས་ནས། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ཞབས་ཕྱི་དང་རོགས་སྐྱོར་སྲིད་ཇུས་ལ་ཤུགས་སྣོན་བྱས་ཏེ། ཁུལ་ཡོངས་ཀྱི་མཁར་གྲོང་གི་ལས་ཞུགས་མི་གྲངས2000གསར་སྣོན་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་བཞི་དང་སྟོང་ལྔ་ཡན་གཞན་སྤོ་ལས་ཞུགས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱེད་ཚད87%ཡན་དུ་སླེབས་པ། སྤྱི་ཕན་རང་བཞིན་གྱི་ལས་གནས426ཧུར་ཐག་གིས་བརྩོན་ལེན་དང་སྙོམས་སྒྲིག་བྱས་ཏེ། སློབ་ཆེན་སློབ་མས་སྡེ་བ་རིམ་པའི་བྱ་བ་ལས་རོགས་པའི་འགན་ཁུར་རྒྱུ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་པ། མཁར་ཤང་ངལ་རྩོལ་ནུས་ཤུགས་ཀྱི་ལས་རིགས་ལག་རྩལ་གསོ་སྦྱོང་མི་ཐེངས7500སྤེལ་རྒྱུ་བཅས་ཁག་ཐེག་བྱ་རྒྱུ།
གཉིས། སློབ་གསོ་སྤུས་ལེགས་དང་དོ་སྙོམས་ཀྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་ལྔ་བཏང་ནས། སློབ་གསོ་སློབ་ཁྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། སློབ་སྔོན་སློབ་གསོ་ཁྱབ་གདལ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས། མཐོ་འབྲིང་སློབ་གསོ་སྣ་མང་ཅན་དང་ཁྱད་ཆོས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཇེ་འགྱོགས་སུ་གཏོང་བ། དགེ་རྒན90སྤྱི་བསྒྲགས་འགུགས་སྡུད་བྱས་ཏེ། དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུ།
གསུམ། གཞན་ཡུལ་སློབ་སྒྲུབ་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ། ཅང་ཉིང་འཛིན་གྲྭའི་སློབ་བསྡུའི་གཞི་རྒྱ་སྐྱེད་པ་དང་ནན་ཐུང་དཀྱུས་མའི་འཛིན་གྲྭ་སྔ་མོ་ནས་དོན་ཐོག་ཏུ་འཁྱོལ་བར་བརྩོན་ལེན་བྱས་ཏེ། སློབ་མ180མུ་མཐུད་དུ་ཅང་སུའུ་མཐོ་རིམ་སློབ་གྲྭར་བསྐྱལ་ནས་སྤུས་ལེགས་སློབ་གསོ་མྱོང་དུ་འཇུག་པ། ཅང་སུའུ་ཡི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་མཐུན་སྦྱོར་བྱས་ནས་ཁ་གཏད་དང་ཕྱོགས་གཏད་ཀྱི་སྒོ་ནས་མཚོ་ལྷོའི་སློབ་མ50སྡུད་ལེན་དང་ལས་རིགས་སློབ་གསོའི་གཞན་ཡུལ་སློབ་མ100སྡུད་ལེན་བྱེད་དུ་འཇུག་རྒྱུ།
བཞི། རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མ་དངུལ་སྒོར་བྱེ་བ་གཉིས་བཏང་ནས། གྲོང་གསེབ་ཡུལ་སྐོར་དང་ལུས་རྩལ་སྤྱི་གླིང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ནས། རིག་གནས་ལུས་རྩལ་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སུ་བཏང་བར་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏང་རྒྱུ།
ལྔ། སྨན་བཅོས་ཞབས་ཕྱིའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་བདུན་བཏང་ནས། ཁུལ་ཡོངས་ཀྱི་དམངས་ཡོངས་བདེ་ཐང་ཆ་འཕྲིན་དང་། ཁྲི་ཀ་རྫོང་དང་ཐུན་ཏེ་རྫོང་ཁོངས་གཏོགས་ཀྱི་དམ་ཚགས་རང་བཞིན་གྱི་སྨན་ཞབས་ཚོགས་པ་ཆ་འཕྲིན་ཅན། དེ་མིན་རྫོང་ལྔ་དང་ཁུལ་མི་དམངས་སྨན་ཁང་གི་མཐོ་མནོན་དབྱང་ཚང་འཚོ་སྐྱོང་སྒྲིག་བཀོད་འཛུགས་སྐྲུན་སོགས་ལས་གཞི11ལག་བསྟར་བྱ་རྒྱུ།
དྲུག ཀུན་ཕན་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དཀའ་ངལ་མང་ཚོགས་ལ་རོགས་སྐྱོབ་དང་རྒན་པ་ལོ་ན་མཐོ་བའི་ཁ་གསབ་རོགས་དངུལ། དབང་པོ་སྐྱོན་ཅན་གྱི་རིགས་གཉིས་ཀྱི་ཁ་གསབ་རོགས་དངུལ་བཅས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་དོན་འཁྱོལ་བྱ་རྒྱུ་དང་། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་གཞི་རྩའི་དམངས་འཚོ་འགན་སྲུང་ཇེ་བརྟན་དུ་གཏང་རྒྱུ།
བདུན། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་རེས་སྐོར་གསུམ་པའི་ཁ་གསབ་བྱ་དགའ་ལམ་སྲོལ་དང་རྨོ་ཞིང་ས་བཅུད་སྲུང་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་ས་ཡ་བཞི་སྤྲད་དེ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི5གསར་སྐྲུན་དང་བསྒྱུར་བཀོད་བྱེད་པ། མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་བཏང་ནས་ནོར་དང་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི26དང་སྐྱེ་ཁམས་ཕྱུགས་ར9བསྐྲུན་རྒྱུ། ཐོན་སྐྱེད་དང་འཚོང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི5ལ་རོགས་སྐྱོར་བྱ་རྒྱུ།
བརྒྱད། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལས་གྲྭར་སྐུལ་འདེད་གཏོང་བ། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་ལྔ་དོན་འཁྱོལ་བྱས་ནས་འཆམ་མཛེས་ཤང་སྡེ30དང་། རོང་འབྲོག་ཁྱིམ་ཚང5000ཡི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གཞི་དང་། རོང་འབྲོག་ཁྱིམ་ཚང204ཡི་ཡོམ་འགོག་བསྒྱུར་བཀོད་ལས་གཞི་བཅས་ལག་བསྟར་བྱེད་པ། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དགུ་བཏང་ནས་མཚོ་སྔོན་པོའི་མཚོ་ཆུའི་བསྣུབས་ཁུལ་གྱི་རོང་འབྲོག་ཁྱིམ་ཚང་གི་སྡོད་ཁང་གནས་སྤོར་བྱ་བའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཉེན་གཡོལ་གནས་སྤོར་བྱ་ཡུལ8བསྐྲུན་པ་དང་རོང་འབྲོག་ཁྱིམ་ཚང785བཀོད་སྒྲིག་བྱས་ནས་ཆུ་འདོན་དང་ཆུ་འབུད་སོགས་ཀྱི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱ་རྒྱུ།
དགུ། ཁུལ་རིམ་པའི་ནོར་སྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁུལ་རིམ་པའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་རྒྱུར་རྒྱབ་སྐྱོར་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། དམངས་ཚིས་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་རོགས་རམ་བྱེད་པ་དང་། དེའི་ནང་སྒོར་བྱེ་བ་ལྔ་ཅན་གྱི་རྣམ་གྲངས་བཞི་ལ་མ་འཇོག་བྱས་ནས། རྣམ་པ་གསར་བའི་མཁར་གྲོང་ཅན་དུ་གསར་སྒྱུར་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་མདོག་བསྒྱུར་བཀོད་བྱ་རྒྱུ། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས། རིག་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་པ། སྒོར་བྱེ་བ་གཅིག་ཅན་གྱི་རྣམ་གྲངས་ལྔ་ལ་མ་འཇོག་བྱས་ཏེ་གྲོང་གསེབ་དར་སྤེལ་དང་། རོང་འབྲོག་ཐོན་ལས་འཕེལ་རྒྱས། ཤེས་ལྡན་མི་སྣ་འཕེལ་རྒྱས། རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས། ནོར་ལུག་ཕྱིར་འཚོང་བྱ་དགའ་སོགས་ཀྱི་མ་དངུལ་གཙོ་གནད་ཐོག་འགན་སྲུང་བྱེད་པ། སྒོར་བྱེ་བ་གསུམ་ཅན་གྱི་རྣམ་གྲངས་གཅིག་ལ་མ་དངུལ་བཏང་ནས་འཆམ་མཐུན་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་གཏང་རྒྱུ།
བཅུ། སྐྱེ་ཁམས་ཉམས་གསོ་བཟོ་སྐྲུན་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱེད་པ། མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དགུ་ས་ཡ་གསུམ་བཏང་ནས་ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་མགོ་སྲུང་སྐྱོང་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་སོགས་གཙོ་གནད་ལས་གཞི་ལག་བསྟར་བྱས་ཏེ། ས་མུའུ་འབུམ་གཅིག་དང་ཁྲི་གཅིག་སྟོང་བདུན་ལྔ་བརྒྱ་ལ་སྡོང་ཆེན་དང་ས་མུའུ་ཁྲི་བཞི་དང་སྟོང་དྲུག་ལ་སྡོང་ཕྲན་འཛུགས་རྒྱུ། ས་མུའུ་འབུམ་གཉིས་དང་ཁྲི་གཉིས་བཞི་བརྒྱ་ལ་རི་རྒྱ་ནགས་གསོ། ས་མུའུ་ཁྲི་ལྔ་དང་སྟོང་དྲུག་ལ་ནགས་ཚལ་ཉམས་གསོ། ས་མུའུ་ས་ཡ་གཅིག་དང་འབུམ་དྲུག་རྩྭ་ཐང་ལེགས་བཅོས། ས་མུའུ་འབུམ་གཉིས་དང་ཁྲི་བཞི་ལ་རྩྭ་འདེབས་པ། ས་མུའུ་ས་ཡ་བདུན་དང་འབུམ་བདུན་ཁྲི་གཉིས་སྟོང་བདུན་ཉིས་བརྒྱ་ལ་རྩྭ་བཀག་ཁོར་སྲུང་། ས་མུའུ་ཁྲི་བརྒྱད་ལ་བྱེ་འགོག་བཟོ་སྐྲུན་བཅས་ལག་བསྟར་བྱ་རྒྱུ།
བཅུ་གཅིག གྲོང་གསེབ་གཞུང་ལམ་རིམ་སྤོར་ལེགས་བསྒྱུར་བྱ་བ་ཇེ་མགྱོགས་སུ་གཏོང་བ། མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་བཏང་ནས་གུང་ཧོ་དང་ཀོས་ནན། ཐུན་ཏེ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་གྱི་གཞུང་ལམ་བཅོས་སྒྲིག་བསྐྱར་སྐྲུན་ལས་གཞི་དང་། སྡེ་བ16གི་གཞུང་ལམ་སྲ་བརྟན་དང་མཐོར་འདེགས་ཀྱི་བཟོ་སྐྲུན་ལག་བསྟར་བྱ་རྒྱུ།
བཅུ་གཉིས། གློག་ཤུགས་མཁོ་སྤྲོད་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་རྙིང་བའི་སྐུད་ལམ་བསྒྱུར་བཀོད་དང་། རོང་འབྲོག་ཁུལ་གྱི་གློག་དྲ་རིམ་སྤོར་དང་ཤོང་ཚད་ཆེ་རུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་སྤུས་ཚད་མཐོ་བའི་གློག་ཤུགས་མཁོ་སྤྲོད་འགན་ལེན་བྱ་རྒྱུ།
བཅུ་གསུམ། ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་མཐོར་འདེགས་སུ་གཏོང་བ། ཁ་གཏད་རོགས་སྐྱོར་མ་དངུལ་དུང་ཕྱུར3.57དོན་འཁྱོལ་བྱས་ཏེ། སློབ་གསོ་རིག་གནས་དང་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས། ཤེས་ལྡན་པའི་རིག་ནུས་རོགས་སྐྱོར་སོགས་དམངས་ཚིས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་གཞི་ལག་བསྟར་བྱས་ནས། 80%ཡན་གྱི་ཁ་གཏད་རོགས་སྐྲུན་མ་དངུལ་དམངས་ཚིས་ཁྱབ་ཁོངས་སུ་སྤྱོད་པར་ཁག་ཐེག་བྱ་རྒྱུ།
བཅུ་བཞི། རོང་འབྲོག་ཁུལ་གྱི་འཕྲིན་གཏོང་དྲ་རྒྱའི་ཞབས་ཕྱི་ལེགས་བཅོས་བྱེད་པ། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་བཞི་བཏང་ནས། སྐོར་བཅུ་གཅིག་པའི་གློག་འཕྲིན་ཁྱབ་གདལ་ཞབས་ཕྱིའི་ལས་གཞི་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི་དྲ་རྒྱའི་ཁེབས་རྒྱ་སྔར་ལས་ཆེ་རུ་གཏང་རྒྱུ།
བཅོ་ལྔ། ཆུའི་བཞུར་རྒྱུད་ཀྱི་ཆུ་མགོ་སྲུང་སྐྱོང་བྱ་བར་ཤུགས་སྣོན་པ། མ་དངུལ་སྒོར་བྱེ་བ་བཏང་ནས། ཁྱ་རིང་ཆུ་མཛོད(བཏུང་ཆུ)ཀྱི་ཆུ་ཁུངས་སྲུང་སྐྱོང་དང་ཁྲི་ཀ་རྡོ་ར་ཆུ་བོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ཆུ་སྦགས་བཙོག་ཡིན་པའི་ཉེན་ཁ་སེལ་རྒྱུ།
བཅུ་དྲུག གཙོ་གནད་ཆུ་བེད་བཟོ་བཀོད་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་ས་ཡ་དགུ་བཏང་ནས། ཞིན་ཧེ་རྫོང་གི་བྱ་ནང་དང་ཐུན་ཏེ་རྫོང་གི་འཇང་ཆེན། ཀོས་ནན་རྫོང་གི་ཤྭ་ར་དབོལ་ཆུ་མཛོད་བཟོ་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མི་ཕྱུགས་ཀྱི་འཐུང་ཆུ་དང་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་བྱེད་པ། ཆུ་རྐའི་བཅོས་སྐྱོང་དང་ས་ཆུ་ཤོར་བ་སྲུང་འཛིན། རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་སོགས་གཙོ་གནད་ཆུ་བེད་བཟོ་བཀོད་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུ།
བཅུ་བདུན། དངུལ་རྩའི་ཞབས་ཕྱི་དང་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དངུལ་རྩས་དངོས་གཟུགས་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། དངུལ་རྩའི་ལས་ཁུངས་ཀྱིས་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་དང་དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་འགྲེམ་གཏོང་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ནས། མང་ཚོགས་ཀྱི་ཐོན་ལས་དང་ཞིང་འབྲེལ་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་མ་དངུལ་གྱི་དགོས་མཁོ་སྐོང་ཅི་ཐུབ་བྱ་རྒྱུ།
བཅོ་བརྒྱད། རོང་འབྲོག་ཁུལ་གྱི་བཙོག་ཆུ་གཙང་སེལ་ནུས་པ་ཇེ་དྲག་ཏུ་གཏོང་བ། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་ནས། ཞིན་ཧེ་རྫོང་ཐང་ནག་གི་གནད་སྤོར་སྡོད་དམངས་བདེ་འགོད་བྱེད་སའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། སྡོད་དམངས་ཀྱི་འཚོ་བའི་བཙོག་ཆུ་བརྟན་བརླིང་ངང་ཚད་ལོངས་གཏོང་འབུད་བྱེད་པར་འགན་སྲུང་བྱས་ནས། གནས་སྤོར་མང་ཚོགས་ཀྱི་འཐུང་ཆུ་བདེ་འཇགས་ལ་འགན་སྲུང་དང་འཚོ་བའི་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་ནུས་ལྡན་གཏང་རྒྱུ།
བཅུ་དགུ། དཀའ་ངལ་མང་ཚོགས་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱེད་པའི་ཁུར་བོ་ཇེ་ཡང་དུ་གཏོང་བ། དཀའ་ངལ་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོབ་དང་མ་མཐའི་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་ཏེ།ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ། དབུལ་ལོག་དང་དབུལ་འགྱུར་སླ་བའི་མི་སྣ།ལྟ་ཞིབ་ཁྱིམ་ཚང་བཅས་ལ90%ཡི་བསྡུར་ཚད་ལྟར་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་རྩིས་ཞུ་བྱེད་པ་དང་། བརྟན་འཇགས་དབུལ་ཐར་མི་སྣ་ལ80%ཡི་བསྡུར་ཚད་ལྟར་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་རྩིས་ཞུ་བྱས་ཏེ། དམིགས་བསལ་ཚོགས་སྤྱིའི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏང་རྒྱུ།
ཉི་ཤུ། མཁར་གྲོང་གི་དྲོད་འདོན་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་བཏང་སྟེ་ཀོས་ནན་རྫོང་གི་དྲོད་འདོན་མ་ལག་རིམ་སྤོར་སྒྱུར་བཅོས་ལས་གཞི་ལག་བསྟར་བྱས་ཏེ།མཁར་གྲོང་སྡོད་དམངས་ཀྱི་དྲོད་ལེན་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། དྲོད་འདོན་མ་ལག་གི་བདེ་འཇགས་རང་བཞིན་དང་བརྟན་བརླིང་རང་བཞིན་མཐོར་འདེགས་ནུས་ལྡན་གཏང་རྒྱུ་བཅས་སོ།།