ཟླ1ཚེས27ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྟུད་མར་ཉིན་འགའི་རིང་། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་དུས་ལྟར་རོགས་སྐྱོབ་མ་དངུལ་བྱིན་ནས། དུས་ཆེན་སྔོན་ལ་འཚམས་འདྲི་དང་ཐུགས་ཁུར་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་བྱ་ཡུལ་དང་དཀའ་ཁག་ཆེན་པོ་ཡོད་པའི་མི་སྣ། དྭ་ཕྲུག ཕ་མ་གཉོར་མཁན་མེད་པའི་བྱིས་པ། དམིགས་བསལ་གྱི་དཀའ་ཁག་ཡོད་པའི་རྒན་རྒོན། འཚོ་བར་རྟེན་གཞི་མེད་པའི་སྤྲང་འཁྱམ་སོགས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱིས་དྲོད་འཁོལ་ལྡན་པའི་ངང་དགུན་སྐྱེལ་བ་དང་དགའ་སྐྱིད་ངང་ལོ་གསར་རོལ་བར་འགན་སྲུང་བྱས།
མཚོ་བྱང་ཁུལ་དམངས་སྲིད་ཅུའུ་ཡིས་ནོར་སྲིད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས། ཟླ1པོ་དང་ཟླ2པའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བརྒྱད་དང་ཁྲི་དགུ་སྟོང་བརྒྱད་དང་བཞི་བརྒྱ་སྔོན་ལ་བྱིན་པ་དང་། ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་དམའ་སྲུང་དང་དཀའ་ཁག་ཆེ་བའི་མང་ཚོགས་ཁྲི་གཅིག་དང་སྟོང་དགུ་དང་བརྒྱ་ཡི་དུས་ཆེན་སྐབས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་ལ། ཁུལ་ཡོངས་ཀྱི་དམའ་སྲུང་བྱ་ཡུལ་དང་དཀའ་ཁག་ཆེ་བའི་མི་སྣ། དཀའ་ཁག་ཡོད་པའི་རྒན་རྒོན། དྭ་ཕྲུག་སོགས་དཀའ་ཁག་མང་ཚོགས་ཀྱི་ཁྱིམ་ཚང་བཞི་བཅུ་དང་དམངས་སྲིད་ཕན་བདེའི་ལས་ཁུངས་ལྔར་འཚམས་འདྲི་བྱས་པ་དང་། ཁྱོན་བསྡོམས་སྒོར་ཁྲི་ལྔ་དང་སྟོང་ལྔ་ལྷག་གི་འཚམས་འདྲིའི་མ་དངུལ་དང་འཚམས་འདྲིའི་ལེགས་སྐྱེས་བྱིན་ནས། འབྲེལ་གཏུག་སྡེ་བའི་སྡེ་སྡོད་ལས་བྱེད་པ་གཉིས་ལ་འཚོ་བའི་དངོས་རྫས་བྱིན།
ལོ་གསར་དུས་སྐབས་སུ་དཀའ་ཁག་མང་ཚོགས་ལ་ན་ཚ་དང་ཆག་སྒོ་སོགས་ཀྱི་གློ་བུར་དོན་རྐྱེན་བྱུང་ནས་གཞི་རྩའི་འཚོ་བར་དཀའ་ཁག་འཕྲད་པའི་མང་ཚོགས་དང་མི་སྒེར་གྱི་དངོས་ཡོད་དཀའ་ཁག་ཐག་གཅོད་བཟང་པོ་བྱེད་པའི་ཆེད། རྫོང་བཞི་ཡི་དམངས་སྲིད་ཅུའུ་ཡིས་སྤྱི་སྟེགས་ངོས་སུ་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ཁ་པར་ཨང་གྲངས་སྤྱི་བསྒྲགས་བྱས་པ་དང་མཉམ་དུ། ལོ་གསར་དུས་སྐབས་ཀྱི་དམིགས་བསལ་རོགས་སྐྱོར་གྱི་བཀག་མེད་བརྒྱུད་ལམ་བཏོད་པ་དང་། སྤྱི་ཚོགས་རོགས་སྐྱོབ་ཞིབ་བཤེར་གཏན་འཁེལ་གྱི་གོ་རིམ་སྔར་ལས་སྟབས་བདེ་ལེགས་སྒྱུར་བྱས་ནས། དཀའ་བྲེལ་གནད་དོན་ཐད་དོན་དག་གཅིག་ལ་གྲོས་གཞི་གཅིག་གི་བྱེད་ཐབས་སྤྱད་པ་དང་། རོགས་སྐྱོར་ལས་ཆོད་མཐོར་འདེགས་བཏང་ལ། དུས་ལྟར་བྲེལ་དཀའི་གནད་དོན་ཐག་གཅོད་བྱས་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་གྱི་རེ་འདུན་ཞུ་ས་ཡོད་པ་དང་དུས་ལྟར་རོགས་སྐྱོར་ཐོབ་པར་ཁག་ཐེག་བྱས་ཏེ། རོགས་སྐྱོབ་བྱེད་དགོས་སར་རང་ནུས་གང་ཡོད་ཀྱིས་རོགས་སྐྱོར་བྱས། རྫོང་བཞི་ཡིས་ཁུལ་ཁོངས་གཙོ་བོའི་སྐོར་ཞིབ་བྱེད་ཐེངས་ཇེ་མང་དང་སྐོར་ཞིབ་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ནུས་ཤུགས་ཡོད་རྒུས་སྤྲང་འཁྱམ་དང་གནས་སྐབས་དཀའ་ཁག་ལ་འཕྲད་པའི་མི་སྣས་དྲོད་འཁོལ་དང་བདེ་འཇགས་ངང་དགུན་སྐྱེལ་བར་འགན་སྲུང་བྱས། ཟླ1པའི་ཚུན་ལ། ཁུལ་ཡོངས་ཀྱིས་སྤྲང་འཁྱམ་མི་སྣར་ཁྱོན་བསྡོམས་ཐེངས་དགུ་བཅུ་ལྷག་ལ་སྐོར་ཞིབ་བྱས་པ་དང་། རླངས་འཁོར་ཐེངས་བཅུ་ལྷག་མངགས་གཏོང་བྱས།
ལྷ་མོ་འཚོས་བསྒྱུར།