རྨ་ལྷོ་ཡི་མི་ཁྲི་བཞི་དང་སྟོང་གཉིས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཕྱུག་འགྱུར་ལམ་དུ་བསྐྱོད།
2025.01.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

“ལུགས་རྙིང་ལོ་གསར་སྐབས་སུ་ང་ཚོས་སྲོལ་རྒྱུན་བོད་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་བོད་ལུགས་ཞིམ་ཟས་ལས་པའི་ཉམས་ལེན། དེ་མིན་དམངས་སྲོལ་རིག་གནས་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་ཇུས་འགོད་བྱས་ནས་ཡུལ་སྐོར་བ་སྔར་ལས་མང་པོའི་ཡིད་དབང་འགུག་རྩིས་ཡོད”ཅེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གླེ་གཞུག་སྡེ་བའི་རྨ་ཆུ་ཞིང་ཁྱིམ་མགྲོན་ཁང་གི་སྤྱི་གཉེར་པ་ཅཱང་ཆིན་ལིན་གྱིས་ལུགས་རྙིང་ལོ་གསར་གྱི་གུང་གསེང་དང་བསྟུན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་རྩིས་ཡོད། རྨ་ལྷོ་ཁུལ་དུ་ཅཱང་ཆིན་ལིན་ལྟ་བུའི་ས་གནས་ཀྱི་ཕུན་སུམ་ཚོགས་ཤིང་སྣ་མང་ཅན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྲོད་ཚོང་ལས་ཀྱི་གོ་སྐབས་རྙེད་པ་དང་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ་ཧ་ཅང་མང་། ཉེ་ལམ་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཚོང་གཉེར་བྱེད་པོ་ཁྱིམ་ཚང600ལས་བརྒལ་ནས་མི་ཁྲི་བཞི་དང་སྟོང་གཉིས་རིག་གནས་ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཕྱུག་འགྱུར་ལམ་དུ་བསྐྱོད་ཡོད།

རྨ་ལྷོ་ཁུལ་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི“ཤར་ལྷོའི་སྒོ་ཆེན”བསྐྲུན་རྒྱུ་དམིགས་འབེན་དུ་བྱས་ཏེ།    ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཤར་ལྷོའི་ས་ཁུལ་དུ“ཞབས་ཞུའི་ཚོམས་ཁང་དང་།    སྐྱེ་ཁམས་མགྲོན་ཁང་།    རིག་གནས་འགྲེམས་ཁང་བཅས་བསྐྲུན་ཡོད།  འདས་ཟིན་པའི2024ལོར། རྨ་ལྷོ་ཁུལ་གྱིས“མཚོ་སྔོན་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན”སྣེ་ཁྲིད་དུ་བྱེད་པ་དང་།“བོད་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གཟའ་འཁོར”དང“མདའ་མོ་གཡང་རྫོང་གི་གདན་ཞུའི་འགྲན་བསྡུར།”“ཟླ་དྲུག་པའི་རེབ་གོང་དམངས་སྲོལ་དུས་ཆེན”སོགས་ཀྱི་ནང་དོན་གཙོ་བོར་བྱས་ཏེ།    མཚོ་སྔོན་གྱི་ཁྱད་ཆོས་དང་རྨ་ལྷོའི་ཁྱད་ཆོས་ལྡན་པའི“གཟའ་འཁོར་གཉིས་ཀྱི་ནང་འགྲན་བསྡུར་དང་དུས་ཆེན་བཞིའི”བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་སྤེལ་ནས། རིག་གནས་ཡུལ་སྐོར་གར་སྟེགས་སྟེང་རང་ཉིད་ཀྱི་ཁྱད་ཆོས་མངོན། དེ་དང་མཉམ་དུ“དབྱར་དགུན་སྟོན་དཔྱིད”ཀྱི་དུས་བཞིའི་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཏེ། དུས་ཚིགས་རེར་བྱ་འགུལ་ཡོད་པ་དང་། ཟླ་རེར་ངོ་མཚར་ལྟད་མོ་ཡོད་པ་དངོས་སུ་མངོན་འགྱུར་བྱས།

རིག་གནས་སྔོག་འདོན་དང་ཐོན་ལས་གསོ་སྐྱོང་ཐད། རྨ་ལྷོ་ཁུལ་གྱིས་རེབ་གོང་རིག་གནས།    མདའ་རྩེད་རིག་གནས། སོག་བོད་རིག་གནས། ཡུལ་སྐོར་རིག་གནས་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་རྨང་གཞིར་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིག་གནས་དང་ཡུལ་སྐོར་ཚོང་གཉེར་བྱེད་པོ་གསོ་སྐྱོང་བྱས་ཡོད། ཁྱད་ལྡན་རིག་གནས་ལ་དམིགས་ནས“ཐང་ག”སོགས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ལྟེ་བར་བྱས་པའི་རིགས་ཆེ་གྲས33གྱི་རིག་གནས་ཡུལ་སྐོར་ཐོན་རྫས་རིགས1000ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་པ་མ་ཟད། ད་དུང་རིགས་ཆེ་གྲས10དང་ཁྱད་ལྡན་ཞིམ་ཟས་རིགས80ལྷག་ཙམ་འཚོལ་བསྡུ་དང་ཁྱབ་བསྒྲགས་ཧུར་ཐག་བྱས་པས། རིག་གནས་ཡུལ་སྐོར་ཁྲོམ་རའི་ཐོན་རྫས་འདོན་སྤྲོད་ཚད་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཡུལ་སྐོར་སྒྲིག་ཆས་འཛུགས་སྐྲུན་གྱི་ཐད། རྨ་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཞག་སྡོད་སྣེ་ལེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ཏེ། མིག་སྔར་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་གསོལ་མགྲོན་ཁང་དང་དེ་མིན་ཞིང་སྡེའི་ཡུལ་སྐོར་སྣེ་ལེན་ས་ཚིགས166ལ་སླེབས་པ་དང་། ལུགས་རྙིང་ལོ་གསར་སྐབས་ཀྱི་ཡུལ་སྐོར་པ་མང་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

ལུགས་རྙིང་ལོ་གསར་ཐོན་པ་དང་བསྟུན་ནས། རྨ་ལྷོ་ཁུལ་གྱི་སྐྱེ་ཁམས་མཛེས་ལྗོངས་ཁུལ་ཆེ་གྲས་སོ་སོས་ཡུལ་སྐོར་སྣེ་ཤན་པའི་འགྲེལ་བཤད་དང་། གསོལ་མགྲོན་ཁང་གི་ཞབས་ཞུ།    མཛེས་ལྗོངས་ཁུལ་གྱི་བདེ་འཇགས་དོ་དམ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ། ཡུལ་སྐོར་བ་ཚོར་སྔར་ལས་སྤུས་ལེགས་ཀྱི་ཡུལ་སྐོར་ཉམས་ལེན་གནས་བསྐྲུན་གང་ཐུབ་བྱེད་ཀྱིན་ཡོད།

ཤ་བོ་རིན་མཚོས་བསྒྱུར།