དིང་རི་རྫོང་གི་གནོད་ཁུལ་མང་ཚོགས་ཀྱི་བར་བརྒལ་རང་བཞིན་གྱི་བདེ་འགོད་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་།
2025.02.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

གསར་འགོད་པས་ཚེས31ཉིན་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར། དིང་རི་རྫོང་གིས་སྟབས་བདེའི་ཁང་བ7733དང་རས་གུར9941ཕུབ་ནས། གནོད་ཐེབས་མང་ཚོགས་ཁྲི་བཞི་དང་སྟོང་བདུན་བདུན་བརྒྱ་གྱ་བདུན་བདེ་འགོད་བྱས་པ་དང་། དིང་རི་རྫོང་གི་གནོད་ཐེབས་མང་ཚོགས་ཀྱི་བར་བརྒལ་རང་བཞིན་གྱི་བདེ་འགོད་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་།

ཟླ1ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་སྟེང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ཚད་རིམ6.8ཅན་གྱི་ས་ཡོམ་བྱུང་། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར། དིང་རི་རྫོང་གྲམ་སོ་ཡུལ་ཚོ་དང་ཆུ་ལྷོ་ཡུལ་ཚོ། མཚོ་སྒང་ཡུལ་ཚོ་བཅས་གནོད་ཐེབས་ཚབས་ཆེན་ཐེབས་པའི་ས་ཁུལ་དུ་སྟབས་བདེའི་ཁང་བ་སྟོང་བཞི་དང་སུམ་བརྒྱ་གྱ་གསུམ་དང་རས་གུར་སྟོང་གཉིས་དང་དགུ་བརྒྱ་བཅུ་དྲུག་ཕུབ་པ་དང་། གནོད་ཐེབས་ས་ཁུལ་གཞན་པར་སྟབས་བདེ་ཁང་བ་སྟོང་གསུམ་དང་སུམ་བརྒྱ་ལྔ་བཅུ་དང་རས་གུར་སྟོང་བདུན་དང་ཉེར་ལྔ་ཕུབ་པ་རེད།

དེ་ལས་གཞན། དིང་རི་རྫོང་གི་མང་ཚོགས་ཁྲི་གཅིག་དང་བདུན་བརྒྱ་དོན་གཉིས་ཀྱི་ཁང་བར་གཏོར་བརླག་ཅུང་ཟད་ཐེབས་འདུག མིག་སྔར་ཁང་བ་འདི་དག་ལ་ཉེན་ཁའི་དཔྱད་འཇོག་དང་བདེ་འཇགས་བརྟག་དཔྱད་བྱས་པས། མུ་མཐུད་དུ་བསྡད་ཆོག་ལ། སྟབས་བདེའི་ཁང་པ་དང་རས་གུར་དུ་བདེ་འགོད་བྱེད་མི་དགོས།

ལྷ་མོ་འཚོས་བསྒྱུར།