མཚོ་སྔོན་གྱིས་རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་རྣམ་པ་མུ་མཐུད་ཇེ་ལེགས་སུ་བཏང་།
2025.02.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཀྱི་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན།    2024ལོར་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་ནས། རྒྱལ་ཁོངས་བར་སྟོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ།    རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་དང་།   སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱས་ནས། ཐོན་སྐྱེད་འཚོ་བ་དང་མ་འོངས་འཕེལ་རྒྱས་ཀྱི་བར་སྟོང་འདང་ངེས་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དཔེ་མཚོན་གྱི་དཔེ་སྟོན་འདོན་སྤྲོད་བྱས།

2024ལོར། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་ལག་གིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་སྣེ་ཁྲིད་འགན་སྲུང་ནུས་པར་ཤུགས་བསྣན་པ་དང་།    ནུས་ཁུངས་དང་འགྲིམ་འགྲུལ། ཆུ་བེད་སོགས་འཛུགས་སྐྲུན་ལས་གཞི་གལ་ཆེན་སྔ་མོ་ནས་མགོ་རྩོམ་དགོས་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོར་དམིགས་པ་དང་། རང་འགུལ་ངང་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ། གཞི་རིམ་གྱི་ས་ཁོངས་བཀོལ་བའི་ཞིབ་མཆན་བྱ་བ་སྔར་ལས་ཚད་ལྡན་དུ་བཏང་བ་དང་། ལས་གཞིའི་ས་ཁོངས་བཀོལ་བའི་སྔོན་གྱི་བྱ་བ་ཏན་ཏིག་དང་ཞིབ་ཕྲའི་ངང་བསྒྲུབ་པ། ལས་གཞི་གལ་ཆེན་རྣམས་དུས་ཐོག་ཏུ་སྙན་ཞུ་དང་ཞིབ་བཤེར། ཆོག་མཆན་འགོད་པ་བཅས་དང་བསྟུན་ནས། ཞིང་ཆེན་རིམ་པའི་ཞིབ་བཤེར་དུས་ཚད་ཉིན10བར་ཇེ་ཐུང་དུ་བཏང་བ་དང་། ས་ཁོངས་བཀོལ་བའི་ཆོག་མཆན་སྙན་ཞུའི་བྱ་བའི་ཕྱོགས་སྟོན་བཏོན་ནས་ལས་གཞི་གལ་ཆེན་གྱི་ས་ཁོངས་བཀོལ་བར་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཏེ། བསྡོམས་པས་ས་ཁོངས་སྤྱི་ཆིང་ཁྲི་གཅིག་དང་སྟོང་གསུམ་ལྷག་ལ་ཞིབ་མཆན་བཀོད་པ་དེ་དུས་མཉམ་ལས་ལྡབ་གཅིག་ལྷག་ཙམ་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད་ཡོད།

རྨོ་ཞིང་སྲུང་སྐྱོབ་ཀྱི་ལས་འགན་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ་རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱས་ནས། རྒྱལ་ཁབ་ཀྱི་རྨོ་ཞིང་སྲུང་སྐྱོབ་ཀྱི་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཀྱི་དཔྱད་ཞིབ་ཐེངས་དང་པོའི་ཁྲོད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་དམ་ཟབ་དང་རྨོ་ཞིང་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། རྨོ་ཞིང་བཟུང་བ་དང་ཁ་གསབ་དོ་མཉམ་ལམ་ལུགས་བཅོས་སྒྱུར་འཐུས་ཚང་དུ་གཏོང་བ་སོགས་བཅོས་སྒྱུར་གྱི་དོན་དག་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ།    ལོ་ཧྲིལ་པོར་རྨོ་ཞིང་བཟུང་བ་དང་ཁ་གསབ་དོ་མཉམ་གྱི་དམིགས་ཚད་སྤྱི་ཆིང་སྟོང་གཉིས་དང་སུམ་བརྒྱ་གསར་དུ་བསྣན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པར་རྨང་གཞི་བརྟན་པོ་བཏང་། རི་ཆུ་ནགས་གསུམ་དང་ཞིང་། མཚེའུ།    རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།    “ཙོང་ཆུའི་འབབ་རྒྱུད་ཀྱི་རི་ཆུ་ནགས་གསུམ་དང་། ཞིང་། མཚེའུ།    རྩྭ་ཐང་དང་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ལས་གཞིའི”ཟོང་རྟགས་སྟོབས་ཆེར་བཏང་བ་དང་།    མ་དངུལ་ལག་བསྟར་དང་བཟོ་སྐྲུན་གྱི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།    སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བྱ་བ་དེ་རྒྱུ་རྐྱེན་རྐྱང་པ་ནས་མ་ལག་བཅོས་སྐྱོང་དུ་རིམ་བཞིན་བསྒྱུར་བ་དང་།    མཐའ་སྣེའི་བཅོས་སྐྱོང་ནས་ཕྲེང་འབྲེལ་ཡོངས་ཀྱི་དོ་དམ་དུ་བསྒྱུར་རྒྱུ་མངོན་འགྱུར་བྱས།

ཤ་བོ་རིན་མཚོས་བསྒྱུར།