སྡེ་ཁག་དྲུག་གིས་ཇུས་གཞི་འགྲེམ་སྤེལ་བྱས་ནས་གཞི་གྲངས་འཁོར་རྒྱུག་གི་བདེ་འཇགས་བཅོས་སྐྱོང་འཐུས་ཚང་གཏོང་དགོས་པའི་བླང་བྱ་བཏོན།
2025.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་སོགས་སྡེ་ཁག་དྲུག་གིས་ཉེ་སྔོན་མཉམ་འབྲེལ་སྒོས་གཞི་གྲངས་འཁོར་རྒྱུག་གི་བདེ་འཇགས་བཅོས་སྐྱོང་འཐུས་ཚང་བཏང་ནས་གཞི་གྲངས་རྒྱུ་རྐྱེན་གྱི་ཁྲོམ་ར་ཅན་དང་རིན་ཐང་ཅན་ལ་སྔར་ལས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། གཞི་གྲངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་ལེགས་ཤོས་ལ་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཀྱི་རིན་ཐང་མངོན་ནས། གཞི་གྲངས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་བླང་བྱ་བཏོན།

གཞི་གྲངས་འཁོར་རྒྱུག་གི་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་ནི་གཞི་གྲངས་ཀྱི་རྨང་གཞིའི་ལམ་ལུགས་ཀྱི་ནང་དོན་གཙོ་བོ་རེད། ཇུས་གཞི་ཡིས་ཁེ་ལས་ཀྱི་གཞི་གྲངས་འཁོར་རྒྱུག་བདེ་འཇགས་ལམ་སྲོལ་ལ་དབྱེ་ཞིབ་གསལ་བོ་བྱེད་ཅིང་། སྤྱི་བའི་གཞི་གྲངས་འཁོར་རྒྱུག་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། མི་སྒེར་གྱི་གཞི་གྲངས་འཁོར་རྒྱུག་འགན་སྲུང་ཇེ་དྲག་ཏུ་གཏོང་བ། གཞི་གྲངས་འཁོར་རྒྱུག་གི་བདེ་འཇགས་འགན་འཁྲིའི་དབྱེ་མཚམས་གཏན་འཁེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་གྲངས་འཁོར་རྒྱུག་གི་བདེ་འཇགས་ལག་རྩལ་བེད་སྤྱོད་ལ་ཤུགས་སྣོན་པ།  གཞི་གྲངས་འཁོར་རྒྱུག་གི་བདེ་འཇགས་ཞབས་ཞུའི་འདོན་སྤྲོད་ཕུན་སུམ་ཚོགས་པར་གཏོང་བ་དང་། གཞི་གྲངས་གང་དགར་སྤྱོད་པའི་ཉེན་ཁར་དོགས་ཟོན་བྱེད་པ་སོགས་ཕྱོགས་བདུན་གྱི་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས།

མི་སྒེར་གྱི་གཞི་གྲངས་འཁོར་རྒྱུག་འགན་སྲུང་ལ་ཤུགས་སྣོན་པའི་ཕྱོགས་ནས། ཇུས་གཞི་ལས་མི་སྒེར་གྱི་གཞི་གྲངས་འཁོར་རྒྱུག་ལ་མཚོན་ན། ཁྲིམས་ལུགས་ཁྲིམས་སྲོལ་ལྟར་མི་སྒེར་གྱིས་མོས་མཐུན་བྱས་པ་དང་ཡང་ན་མིང་མི་འགོད་པར་ཐག་གཅོད་བྱེད་དགོས་པ་ལས། བཙན་སྐུལ་དང་མགོ་སྐོར། ལོག་ཁྲིད་སོགས་ཀྱི་ཐབས་སྤྱད་དེ་མི་སྒེར་ལ་མོས་མཐུན་བྱེད་དུ་འཇུག་མི་ཆོག མི་སྒེར་གྱི་ཆ་འཕྲིན་སྟེང་མིང་མི་འགོད་པའི་འབྲེལ་ཡོད་ཚད་གཞི་གཏན་འབེབས་བཟོས་ནས། མིང་མི་འགོད་པའི་བྱེད་ཐབས་ཚད་ལྡན་དང་ལག་རྩལ་གྱི་དམིགས་ཚད། འཁོར་རྒྱུག་ཁོར་ཡུག་བཅས་ཀྱི་བླང་བྱ་གཏན་འཁེལ་གསལ་བོ་བྱེད་དགོས། རྒྱལ་ཁབ་དྲ་རྒྱའི་ཐོབ་ཐང་ངོས་འཛིན་གྱི་སྤྱི་བའི་ཞབས་ཞུ་སོགས་བྱེད་ཐབས་སྣ་མང་སྤྱོད་པར་སྐུལ་མ་བཏང་སྟེ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཞུ་སྦྱོར་དང་གཏུག་བཤེར། དང་ལེན། ཐག་གཅོད་བཅས་ཀྱི་ཐབས་ལམ་འཐུས་ཚང་བཟོ་བ་བཅས་གཏན་འཁེལ་གསལ་བོ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། གོ་རིམ་རྗེས་མར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གཞི་གྲངས་ཅུའུ་ཡིས་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཞིབ་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁག་མཉམ་སྡེབ་ལ་ཤུགས་སྣོན་པ། ཚོད་ལྟ་ཚད་ལེན་བྱེད་པ། དུས་ལྟར་གཞི་གྲངས་འཁོར་རྒྱུག་གི་བདེ་འཇགས་བཅོས་སྐྱོང་དཔེ་མཚོན་གྱོད་གཞི་སྒྲོག་སྤེལ་བྱེད་པ། དཔེ་སྟོན་གྱི་བྱེད་ནུས་གང་ལེགས་འདོན་པ་དང་། གསར་གཏོད་ཀྱི་ཁོར་ཡུག་བསྐྲུན་ནས། གཞི་གྲངས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།