མཚོ་སྔོན་གྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།
2025.02.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 51

གསར་འགོད་པས་ཉེ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར། མཚོ་སྔོན་གྱིས་སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་སྤུས་ནུས་མཐོར་འདེགས་བཏང་ལ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་རིགས་ལ་འཕེལ་རྒྱས་གསར་བ་བྱུང་བ་དང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་སྔར་ལས་ཇེ་མཐོར་ཕྱིན།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་དང་མ་བུ་བདེ་སྲུང་ལས་ཁུངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་འགག་སྒྲོལ་ལོའི་འགུལ་སྐྱོད་སྤེལ་བ་དང་། དོ་དམ་ནུས་པ་དང་ནང་དོན་འཛུགས་སྐྲུན་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྦྲུམ་མ་ཤི་ཚད་དང་ཁྱེའུ་ཤི་ཚད། ལོ་ལྔ་མན་གྱི་བྱིས་པ་ཤི་ཚད་བཅས2023ལོ་དང་བསྡུར་ན་སོ་སོ་བརྒྱ་ཆའི11.3དང་བརྒྱ་ཆའི0.8 དང་བརྒྱ་ཆའི0.7བཅས་ཀྱིས་མར་ཆག་འདུག སྨན་བཅོས་ལས་ཁུངས་ཀྱི་ཚད་ལེན་མཇུག་འབྲས་ཕན་ཚུན་ངོས་འཛིན་བྱེད་པའི་བྱ་བར་སྐུལ་འདེད་བཏང་ནས། ཞིང་ཆེན་བརྒྱད་ཀྱི་ཕན་ཚུན་ངོས་འཛིན་ལས་གཞི་རེ་བཞི་དང་། ཞིང་ཆེན་ནང་ཁུལ་གྱི་ཕན་ཚུན་ངོས་འཛིན་ལས་གཞི་ཉིས་བརྒྱ་ཞེ་གསུམ་བསྐྲུན། གཉོར་སྐྱོང་མཁན་མེད་པའི་ནད་ཁང་གི་ཚོད་ལྟའི་བྱ་བ་སྤེལ་ཏེ། སྨན་བཅོས་ནད་གཡོག་མཁན་གྱི་ཞབས་ཞུའི་རྣམ་པ་གསར་བ་འཛུགས་པར་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚང་མས་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ། དལ་འཕར་ནད་དང་རྒྱུན་མཐོང་ནད་ཀྱི་སྨན་བཀོལ་བའི་རིགས་ཇེ་མང་དུ་བཏང་བ་དང་། ཞིང་ཆེན་སྡེ་ཚན་དུ་བྱས་ནས་སྨན་བཅོས་གཅིག་མཐུན་ཚོགས་པའི་སྨན་བཅོས་དཀར་ཆག་གཅིག་གྱུར་བྱས་ཏེ། སྨན་རྫས་རིགས་སྟོང་གཅིག་དང་བརྒྱ་དང་བཞི་བཅུ་སྡུད་ལེན་བྱས་ལ། མི་དམངས་མང་ཚོགས་ཀྱི་སྨན་བཀོལ་བའི་དགོས་མཁོར་འགན་སྲུང་བྱས། ནུས་པ་ཉམས་པའི་རྒན་རྒོན་གྱི་བདེ་ཐང་འགུལ་སྐྱོད་ལ་སྐུལ་འདེད་ཟབ་མོ་བཏང་ནས། རྒན་རྒོན་གྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་།

བདེ་ཐང་མཚོ་སྔོན་འགུལ་སྐྱོད་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། 2024ལོའི་ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་དང་ཆུ་ཚད་བརྒྱ་ཆའི25.48ལ་སླེབས་པ་དང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས2.51ལས་མཐོ། ཁྱོན་བསྡོམས་མ་དངུལ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་ལྔ་དངོས་འབེབས་བྱས་ནས། རྒྱལ་ཁབ་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་འཕྲལ་བསྟུན་གསོ་རིགས་རྒུད་སྐྱོབ་རྟེན་གཞི་སོགས་འཛུགས་སྐྲུན་ལས་གཞི42ལ་སྐུལ་འདེད་བཏང་། 


ལྷ་མོ་འཚོས་བསྒྱུར།