རང་རྒྱལ་གྱི་བརླན་ས་སྲུང་སྐྱོབ་ཐད་ཕན་འབྲས་མངོན་གསལ་ཐོབ།
2025.02.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 34

ཟླ2ཚེས2ཉིན་ནི་འཛམ་གླིང་བརླན་སའི་ཉིན་མོ་ཐེངས29པ་ཡིན་པ་དང་། ད་ལོའི་འཛམ་གླིང་བརླན་སའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“བརླན་ས་སྲུང་སྐྱོབ་བྱས་ནས་མ་འོངས་པ་མཉམ་དུ་བསྐྲུན”ཞེས་པ་དེ་ཡིན། གསར་འགོད་པས་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། རང་རྒྱལ་གྱིས་བརླན་ས་སྲུང་སྐྱོབ་སླར་གསོ་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། རིམ་རྩིས་བྱས་ན་བརླན་ས་སླར་གསོའི་ལས་གཞི3700ལྷག་ཙམ་ལག་བསྟར་བྱས་པ་དང་། བརླན་ས་སྤྱི་ཆིང་ས་ཡ་གཅིག་ལྷག་ཙམ་གསར་སྣོན་དང་སླར་གསོ་བྱས།

དེ་དང་ཆབས་ཅིག རང་རྒྱལ་གྱིས་ཕྱི་ནས་ཡོང་བའི་དངོས་རིགས་ཀྱི་བཙན་འཛུལ་འགོག་བཅོས་ནུས་ལྡན་བྱས་ནས། བརླན་སའི་སྐྱེ་ཁམས་མ་ལག་གི་བདེ་འཇགས་སྲུང་སྐྱོང་བྱེད་ཀྱིན་ཡོད།     2024ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཧུའུ་ཧྭ་མུས་རྩྭ་ལྡུམ་མུའུ་ས་ཡ་གཅིག་དང་འབུམ་གཅིག་མེད་པར་བཟོས་ནས་ཧུའུ་ཧྭ་མུས་རྩྭ་ལྡུམ་གྱི་ཁྱབ་ཚུལ་བཀག་འགོག་ལེགས་འགྲུབ་བྱུང་ཡོད། དེ་ལས་གཞན། ནགས་ཚལ་དམར་པོ་སྲུང་སྐྱོང་སླར་གསོ་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱང་མགྱོགས་མྱུར་ལག་བསྟར་བྱས་ཏེ།  ནགས་ཚལ་དམར་པོའི་རྒྱ་ཁྱོན་མུའུ་འབུམ་བཞི་དང་ཁྲི་ལྔ་སྟོང་བཞི་ལྷག་ཟིན་ནས། དུས་རབས་འདིའི་དུས་འགོ་ལས་མུའུ་འབུམ་གཅིག་དང་ཁྲི་གཉིས་སྟོང་བཞི་ལྷག་ཙམ་འཕར་བ་དེ་ནི་འཛམ་གླིང་ཐོག་ནགས་ཚལ་དམར་པོའི་རྒྱ་ཁྱོན་འཕར་སྣོན་བྱུང་བའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཡིན།

ད་ལོ་ནི་རྒྱལ་ཁབ་བརླན་སའི་སྤྱི་གླིང་བཙུགས་ནས་ལོ20འཁོར་བའི་ལོ་ཡིན། ལོ་ཉི་ཤུའི་རིང་། རྒྱལ་ཁབ་བརླན་སའི་སྤྱི་གླིང་གིས་རྒྱལ་ཡོངས་ཀྱི་བརླན་ས་སྤྱི་ཆིང་ས་ཡ་གཉིས་དང་འབུམ་བཞི་སྲུང་སྐྱོབ་ནུས་ལྡན་བྱས་པ་དང་། ས་ཁོངས་དཔལ་འབྱོར་སྒོར་ཐེར་ཆེན་ལྔ་ལྷག་ཙམ་འཕར་རྒྱུར་སྐུལ་ཁྲིད་བྱས་ལ། རྒྱལ་ཁབ་བརླན་སའི་སྤྱི་གླིང90%ཙམ་སྤྱི་དམངས་ལ་རིན་མེད་ངང་སྒོ་འབྱེད་བྱས་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་གྱི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ཏེ་བཙུགས་པ་དང་འཐུས་ཚང་དུ་བཏང་།

ཤ་བོ་རིན་མཚོས་བསྒྱུར།