ཉེ་ལམ། སྐྱེ་ཁམས་ཁོར་ཡུག་པུའུ་ས་རྒྱུའི་སྐྱེ་ཁམས་ཁོར་ཡུག་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་ལམ་པར་འགྲེམས་བྱས་པའི《མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལག་བསྟར་ཇུས་གཞིའི》ནང་ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ་སོགས་ཕྱོགས་བཞིའི་གཙོ་གནད་ལས་འགན་གསལ་བོ་བཟོས་ནས། ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ཡོད།
ལག་བསྟར་ཇུས་གཞིའི་ནང2027ལོར་སླེབས་སྐབས། མཛེས་སྡུག་གི་གྲོང་གསེབ་རྫོང་ཧྲིལ་པོར་བསྐྲུན་པའི་བསྡུར་ཚད40%ཟིན་རྒྱུ་དང་། 2035ལོར་སླེབས་སྐབས་མཛེས་སྡུག་གི་གྲོང་གསེབ་གཞི་རྩའི་ཆ་ནས་འགྲུབ་པར་བྱས་ཏེ། མང་ཚོགས་རྣམས་ལ་བྱ་བྱིའུ་ཡི་གསུང་སྐད་དང་མེ་ཏོག་གི་དྲི་ཞིམ། ཞིང་རའི་མཛེས་ལྗོངས་བཅས་ཡོད་པའི་ཞིང་སྡེའི་བདེ་སྡོད་སྤྲོ་སྣང་གི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་དགོས།
མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་ཆེད། ལག་བསྟར་ཇུས་གཞིའི་ནང་གཙོ་གནད་ལས་འགན་ཕྱོགས་བཞི་བཏོན་ཡོད་པ་སྟེ།
གཅིག་ནི་རང་རང་གི་མཛེས་སྡུག་མཉམ་སྤྱོད་བྱེད་པའི་མཛེས་སྡུག་གི་གྲོང་གསེབ་ཀྱི་རྣམ་པ་འཛུགས་དགོས། རྫོང་ཧྲིལ་པོར་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་དེ་ས་ཁོངས་ཡོངས་ལ་ཁྱབ་པར་རིམ་བཞིན་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་བར་སྟོང་ཇུས་འགོད་དང་རྣམ་པ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་མཛེས་སྡུག་གི་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་རྣམ་པ་གཏོད་དགོས། ས་གནས་ཀྱི་ཁྱད་ཆོས་དང་མཐུན་པའི་དམིགས་ཚད་མ་ལག་བཟོས་ནས་རིམ་བཞིན་རིམ་སྤོར་བྱ་དགོས།
གཉིས་ནི་ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་དགོས། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལ་རིམ་བཞིན་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་འཚོ་བའི་གད་སྙིགས་བཅོས་སྐྱོང་ནུས་ལྡན་བྱས་ཏེ། ཞིང་སྡེའི་བཙོག་ཆུའི་དྲི་ངན་དང་གཞི་ཁྱོན་ཅུང་ཆེ་བའི་རིགས་ལྔ་ཞན་པའི་ཆུ་གཞི་རྩའི་ཐོག་མེད་པར་བཟོ་དགོས། ཕྱུགས་རིགས་དང་ཁྱིམ་བྱའི་གསོ་སྤེལ་ཨན་སོགས་དྲི་ངན་བཅོས་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱུང་བའི་དྲི་ངན་སོགས་དམངས་ལ་བར་ཆད་བཟོ་བའི་གནད་དོན་ལ་ཞིབ་བཤེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ་སྐྱེ་ཁམས་གཙང་སྦྲའི་འབབ་རྒྱུད་ཆུང་ཆུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ལ། དུས་ཡུན་རིང་པོར་གྲོང་གསེབ་ཀྱི་རང་བྱུང་སྐྱེ་ཁམས་ལ་ཕན་ནུས་མཐོ་བའི་སྲུང་སྐྱོབ་བྱེད་དགོས།
གསུམ་ནི་ཞིང་ལས་ལྗང་མདོག་དང་ཐཱན་དམའ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཞིང་སའི་ས་རྒྱུ་སྲུང་སྐྱོབ་བྱ་རྒྱུར་ཤུགས་བསྣན་ཏེ། དུས་རིམ་དབྱེ་ནས་ཞིང་སའི་ས་རྒྱུའི་ལྕགས་རིགས་ཀྱི་སྦགས་བཙོག་འབྱུང་ཁུངས་རྗེས་འདེད་དང་བཅོས་སྐྱོང་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་གསོ་སྤེལ་དང་བདེ་ཐང་གསོ་སྤེལ་ལ་ཁྲིད་སྟོན་བྱ་རྒྱུར་ཤུགས་བསྣན་ནས། ཕྱུགས་རིགས་དང་ཁྱིམ་བྱའི་ལུད་ཀྱི་སྦག་བཙོག་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ལས་འགྱིག་ཤོག་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་དང་ཐག་གཅོད་བྱེད་པར་ཤུགས་བསྣན་ཏེ་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་གནད་ས་ཁོངས་ཀྱི་ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་མ་ལག་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས།
བཞི་ནི་ཞིང་སྡེའི་བདེ་སྐྱིད་དང་འཚོ་སྡོད་ལ་འཚམ་པའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། ཞིང་སྡེའི་གསང་སྤྱོད་གསར་བརྗེ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གསང་སྤྱོད་དོ་དམ་སྲུང་སྐྱོང་རྐྱེན་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཞིང་སྡེ་ས་ཁུལ་གྱི་ནུས་ཁུངས་གཙང་མའི་ཚབ་བྱེད་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ལྗང་བསྒྱུར་དང་མཛེས་བསྒྱུར་ལག་བསྟར་གཏིང་ཟབ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ལྗང་བསྒྱུར་ཚད་ཇེ་མང་དུ་གཏོང་དགོས།
ཤ་བོ་རིན་མཚོས་བསྒྱུར།