རྨ་ལྷོ་ཁུལ་གྱིས་རིག་གནས་གསོལ་སྟོན་གཟབ་རྒྱས་ཀྱིས་ལོ་གསར་ལ་རྟེན་འབྲེལ་ཞུ་རྒྱུ་རེད།
2025.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཉེ་ལམ་གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་པ་ལྟར་ན།   ལུགས་རྙིང་ལོ་གསར་སྐབས་སུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྣམ་པ་མང་པོ་བརྒྱུད་དེ་ཕྱོགས་ཡོངས་ནས་ངོ་མཚར་ཆེ་བའི་རིག་གནས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྤྲོ་སྣང་དང་ཞི་མཐུན། སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་བསྐྲུན་རྒྱུ་དེ་རེད།

ལུགས་རྙིང་ལོ་གསར་སྐབས་སུ། རྨ་ལྷོ་ཁུལ་དཔེ་མཛོད་ཁང་དང་ཐུན་རིན་གྲོང་ཁྱེར་དཔེ་མཛོད་ཁང་གིས་ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་གྲངས་རིག་གནས་ཀྱི་ནང་དོན་ལེགས་པོར་བརྟེན་ནས། དྲ་ཐོག་ཏུ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་མངོན་པ་དང་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འགྲེམ་སྟོན་མཉམ་བསྲེས་བྱས་ཏེ་བྱ་འགུལ་སྤེལ། དེ་དང་ཆབས་ཅིག གཞུང་ཕྱོགས་ཀྱི་སྤྱི་སྟེགས་སུ“ལོ་གསར་དམངས་སྲོལ”གྱི་དྲ་ཐོག་ཤེས་བྱའི་འགྲན་བསྡུར་བྱ་འགུལ་སྤེལ་བ་དང་།    “སྐྱོད་ལམ་གསར་པ་དང་།    རྣམ་པ་གསར་པ།    ལེའུ་གསར་པ”བརྗོད་བྱ་གཙོ་བོར་བྱས་པའི་འཆད་ཁྲིད་ཆུང་ངུ་དང་དཔེ་ཆ་བཟང་པོ་མཚམས་སྦྱོར་བྱེད་པ།    ཕུལ་བྱུང་བརྙན་ཐུང་འགྲེམས་སྟོན་སོགས་དྲ་ཐོག་གི་ཆེད་དོན་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ཁྱིམ་ནས་སྒོ་འབུད་མི་དགོས་པར་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གསོལ་སྟོན་སྣ་ཚོགས་ལོངས་སྤྱོད་བྱེད་དུ་བཅུག

ཡུལ་དངོས་ཀྱི་བྱ་འགུལ་ལོ་གསར་གྱི་ཚེས་བཅུ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་རྒྱུན་མཐུད་བྱེད་ཀྱིན་ཡོད། ཐུན་རིན་གྲོང་ཁྱེར་གྱི་ཐོ་ཀྱཱ་གྲོང་རྡལ་དང་གཅན་ཚའི་གདོང་སྣ་གྲོང་རྡལ་དུ་སྤྲོ་སྣང་ལྡན་པའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་རྩེ་ཁོག་རྫོང་ལུང་བཟང་སྡེ་བ་རུ་འཆམ་དང་ཧོར་གྲོང་རྡལ་དུ་བོད་ཀྱི་ཟློས་གར་སྔ་རྗེས་སུ་འཁྲབ་སྟོན་བྱ་རྒྱུ་ཡིན་ལ། གཅན་ཚ་རྫོང་གིས་མདའ་སྟོན་སྤེལ་རྒྱུ་རེད།

དེ་ལས་གཞན། རྨ་ལྷོ་ཁུལ་བོད་ཀྱི་ཟློས་གར་བརྒྱུད་ཁྲིད་ལྟེ་གནས་དང་མི་རིགས་གླུ་གར་ཚོགས་པས་བོད་ཀྱི་ཟློས་གར་དགོང་ཚོགས་སྤེལ་རྒྱུ་ཡིན་པ་དང་། བོད་ཀྱི་ཟློས་གར་འབུད་རྡུང་དཀྲོལ་གསུམ་དང《གྱིམ་ཤིང་ཀོང་ཇོ》འཁྲབ་སྟོན་བྱས་ནས་དུས་ཆེན་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད།     ལྒང་ཞུའི་དུས་ཆེན་སྐབས་ཐུན་རིན་གྲོང་ཁྱེར་རེབ་གོང་རིག་གནས་ཐང་ཆེན་དུ“སྤྲོ་སྣང་གིས་ལྒང་ཞུའི་གབ་ཚིག་ཚོད་དཔག་དང་དགའ་སྤྲོའི་ངང་ལྒང་བུའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི”བྱ་འགུལ་སྤེལ་ནས། བོད་རྒྱ་སྐད་གཉིས་ཀྱི་གབ་ཚིག་གི་ཐོག་ནས་རིག་གནས་བརྗེ་རེས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་རེད། གཞན་ཡང་། རྨ་ལྷོ་ཁུལ་དང་ཐུན་རིན་གྲོང་ཁྱེར་གྱིས་ད་དུང་མི་གསུམ་གྱི་ལྒང་ལི་འགྲན་བསྡུར་དང་གཞོན་ནུ་ལོ་ཆུང་མི་ལྔའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྤེལ་ནས་ལུས་རྩལ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ལུགས་རྙིང་ལོ་གསར་སྐབས་ཀྱི་བྱ་འགུལ་རབ་དང་རིམ་པའི་ནང་དམངས་སྲོལ་དང་།    ལུས་རྩལ།    ཟློས་གར་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།    དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་དེ། མང་ཚོགས་ཀྱིས་རིག་གནས་ཀྱི་ལོ་གསར་ལ་དགའ་སྤྲོའི་ངང་རོལ་ཐུབ་པ་དང་། རྨ་ལྷོ་ཁུལ་གྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་གསོན་ཤུགས་གསར་པ་བསྣན་ཡོད།

ཤ་བོ་རིན་མཚོས་བསྒྱུར།