མཚོ་སྔོན་གྱི་སྡེ་ཁུལ་ཡོ་བསྲང་བྱ་བར་འཕེལ་རྒྱས་གསར་བ་བྱུང་།
2025.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

2024ལོར། ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་བྱ་བས་ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཁག་ཁུར་འགན་སྒྲུབ་བྱེད་ཕོད་པ་དང་། དངོས་གཉེར་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་བྱ་བ་སྐས་རིམ་གསར་བར་སླེབས་པ་དང་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་ནན་མོ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་ཞིང་ཆེན་ཏང་ཨུའི་གཅིག་ཅན་བཅུའི་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་། སྡེ་ཁུལ་ཡོ་བསྲང་བྱ་བ་དེ་བདེ་འཇགས་འཛུགས་སྐྲུན་སོགས་བྱ་བ་གཙོ་བོའི་ནང་འདྲེས་པར་བྱས་ནས་མཉམ་དུ་སྐུལ་འདེད་བཏང་ལ། ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་ལས་ཁུངས་བཙུགས་པར་མ་ཟད།  ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྒོ་བྱང་འགེལ་བའི་བྱ་བ་ཡོངས་སུ་ཁེབས་པར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁུལ་ཡོ་བསྲང་ཉེས་དོན་ལག་བསྟར་འགན་དབང་གསལ་ཐོ་གཏན་འབེབས་བཟོས་ནས་འགྲེམ་སྤེལ་བྱས་པ་དང་། ལས་ཁུངས་ཀྱི་ལས་འགན་འཐུས་ཚང་བཏང་ལ། འགན་དབང་གི་གསལ་ཐོ་ཞིབ་ཕྲ་བཟོས། གནད་འགག་གི་དུས་སྐབས་སུ་ཆེད་དུ་བཀོད་སྒྲིག་དང་རིམ་སྤོར་ཚོད་འཛིན་བྱས་ལ། དུས་ལྟར་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁ་སྣ་ཚོགས་སེལ་བ་དང་། ཆ་འཕྲིན་གསལ་བོར་རྟོགས་པ་དང་། གནས་ཚུལ་གསལ་བོར་ཤེས་པ། ཁ་ཕྱོགས་ཡང་དག་ཡིན་པ་བཅས་བྱས་ཏེ། སྡེ་ཁུལ་ཡོ་བསྲང་བྱ་བ་རྒྱུན་མཐུད་སྒོས་བདེ་འཇགས་བརྟན་བརླིང་ཡོང་བར་བྱས།

2024ལོར།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ལོ་གཉིས་ཀྱི་རིང་ལ་གྲུབ་འབྲས་མངོན་གསལ་ཡིན་པའི་དམིགས་འབེན་ལ་དམིགས་ནས། བརྒྱུད་རིམ་ཧྲིལ་བོ་དང་གོ་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་སློབ་གསོའི་བྱ་བ་ཞིབ་མོར་བཟོས་པ་དང་། ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་སྤུས་ཚད་མཐོར་འདེགས་གཏོང་བའི་ལོ་གཉིས་ཀྱི་འགུལ་སྐྱོད་བཀོད་སྒྲིག་བྱས་ལ། ཕྱོགས་ཡོངས་ནས་ཉེན་ཁ་དོ་དམ་དང་ཁྲིམས་བསྟར་ལྟ་སྐུལ་དོ་དམ། སློབ་གསོའི་རོགས་སྐྱོར། ལག་བསྟར་ལྟ་སྐུལ་དང་། རྨང་གཞིའི་འགན་སྲུང་། ནུས་པ་འཛུགས་སྐྲུན་བཅས་ཀྱི་སྤུས་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་སྤྱི་ཚོགས་ཅན་གྱི་འཛུགས་སྐྲུན་ཕྱོགས་ཡོངས་ལ་ཁེབས་པར་མཛུབ་སྟོན་བྱས་པ་དང་། སྡེ་ཁུལ་ཡོ་བསྲང་བྱ་བ་ཁྲིམས་ལྟར་གོ་རིམ་ལྡན་ལ་ཚད་ལྡན་གྱི་སྒོ་ནས་སྤེལ། སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པར་ནུས་ལྡན་སྒོས་སྐུལ་འདེད་བཏང་།

ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་སྡེ་ཁུལ་ཡོ་བསྲང་དོ་དམ་ཅུའུ་ཡི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།  མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་མགྱོགས་མྱུར་སྒོས་ལས་སྒོ་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། སྡེ་ཁུལ་ཡོ་བསྲང་ཉེས་དོན་ལག་བསྟར་གཞི་གྲངས་ཚང་མ་ཞིང་ཆེན་བརྒལ་བའི་སྡེ་ཁག་གི་གཞི་གྲངས་ཆེན་མོའི་གྱོད་སྒྲུབ་སྟེགས་བུར་སྦྲེལ་མཐུད་བྱས་པར་མ་ཟད་ཕྱོགས་གཅིག་ལམ་ལུགས་ཀྱི་འཁོར་རྒྱུག་མངོན་འགྱུར་བྱས། སྡེ་ཁུལ་ཡོ་བསྲང་གཞི་གཅིག་ཅན་གྱི་སྟེགས་བུ་བེད་སྤྱོད་བྱེད་ནུས་ཕྱོགས་ཡོངས་ནས་རིམ་སྤོར་ལེགས་སྒྱུར་བྱས་པ་དང་བསྟུན།  ཞིང་ཆེན་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་དང་མཉམ་དུ་ཆ་འཕྲིན་མཉམ་སྤྱོད་དང་ལས་སྒོ་མཉམ་ལས་ལེགས་སྒྱུར་བྱས་པ་དང་། རང་འགུལ་སྒོས་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ཁྲིམས་ལུགས་ལྟ་སྐུལ་དང་ལེན་བྱས་ཏེ། སྡེ་ཁུལ་ཡོ་བསྲང་བྱ་བའི་གསལ་ཚད་དང་ལྟ་སྐུལ་རང་བཞིན་ནུས་ལྡན་སྒོས་མཐོར་འདེགས་བཏང་ཟེར། 

ལྷ་མོ་འཚོས་བསྒྱུར།