མཚོ་ཤར་གྱིས་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་ཚིས་ལ་འགན་སྲུང་བྱས་པའི་དཔེ་མཚོན་གྱོད་གཞི་བཅོ་ལྔ་སྒྲོག་སྤེལ་བྱས།
2025.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཉེ་ཆར། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བསྡུས་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་ཚིས་ལ་འགན་སྲུང་བྱས་པའི་དཔེ་མཚོན་གྱོད་གཞིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ནས་བཟུང་། མཚོ་ཤར་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ངལ་རྩོལ་བའི་ཁེ་དབང་སྲུང་སྐྱོབ་དང་། ཁྲིམས་འཛིན་རོགས་སྐྱོར་བྱེད་པ། རིག་གནས་གནའ་ཤུལ་སྲུང་སྐྱོབ། རུལ་སུངས་ཉེས་འགལ་ཐག་གཅོད། ཁྱིམ་ཚང་གི་དྲག་སྤྱོད་ལ་རྡུང་རྡེག་གཏོང་བ་སོགས་དམངས་ཚིས་ཁྱབ་ཁོངས་ཀྱི་དཔེ་མཚོན་གྱོད་གཞི་སྐོར་ཞིག་བསྒྲུབས་ནས། མང་ཚོགས་ཉེ་འགྲམ་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས། 

སྒྲོག་སྤེལ་ཚོགས་འདུའི་སྟེང་། མཚོ་ཤར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་ཚིས་ལ་སྲུང་སྐྱོབ་བྱེད་པའི་ཉེས་དོན་ཞིབ་དཔྱོད་དང་དམངས་དོན་སྲིད་འཛིན་ཞིབ་དཔྱོད། སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་སོགས་དཔེ་མཚོན་གྱོད་དཔེ་བཅོ་ལྔ་ཁྱབ་བསྒྲགས་བྱས། དཔེ་མཚོན་གྱོད་དཔེ་འདི་དག་གི་ཁྲོད་བསམ་བཞིན་དུ་གནོད་འཚེ་བཟོ་བ་དང་། ངལ་རྩོལ་གླ་ཆ་མི་སྟེར་བ། སྤྱི་དམངས་ཀྱི་མི་སྒེར་ཆ་འཕྲིན་ལ་གནོད་སྐྱེལ་བ། ཐོན་རྫས་རྫུན་མ་ཕྱིར་བཙོང་བ་སོགས་གྱོད་གཞི་འདུས་པ་དང་། གཉེན་སྒྲིག་ཐོ་འགོད་བྱེད་པ་ནོར་བའི་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་དང་། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར། ཁྲིམས་འགལ་གྱིས་སྨན་བཅོས་ལས་རིགས་གཉེར་བ་སོགས་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ལའང་འབྲེལ་ཡོད། གྱོད་དཔེ་ལས་མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལྟར་ལས་འགན་སྒྲུབ་པ་དང་། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། དམངས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབ་པ་སོགས་ཀྱི་ནུས་ལྡན་བྱེད་ཐབས་མཚོན་ལ། ཞིབ་དཔྱོད་ལས་ཁུངས་ཀྱི་དུས་རབས་གསར་བའི་ཧྥིན་ཆའོ་ཉམས་་མྱོང་ལག་བསྟར་བྱས་ནས། དམངས་ཀྱི་དཀའ་ཁག་སེལ་བར་རྐང་བཙུགས་པ་དང་། ཁྲིམས་འཛིན་དྲང་གཞག་གི་སྣང་བརྙན་བཟང་པོ་བསྐྲུན་པ་བཅས་མངོན་པར་བྱས། 

ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ནུས་མཐོ་བའི་སྒོ་ནས་གྱོད་དོན་རེ་རེ་ལེགས་པོར་བསྒྲུབ་པའི་རྩ་བའི་རིན་ཐང་གི་འཚོལ་སྙེག་ལྟར། ཁྲིམས་ལུགས་ལྟ་སྐུལ་གྱི་ལས་འགན་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཉེ་འགྲམ་གྱི་གྱོད་དོན་ཆུང་ཆུང་ནས་མགོ་བརྩམས་ཏེ། མང་ཚོགས་ཉེ་འགྲམ་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་པ་དང་། དམངས་ཚིས་དངོས་དོན་ལེགས་པོར་བསྒྲུབས་ལ། དམངས་ལ་བཅངས་པའི་བརྩེ་སེམས་དམ་པོར་བསྲུང་བས། གྱོད་གཞི་རེ་རེའི་རྒྱབ་ལོགས་སུ། ཞིབ་དཔྱོད་ལས་མིའི་བློ་གྲོས་དང་རྔུལ་ཆུ་ཡོད་ལ། ཞིབ་དཔྱོད་ལས་ཁུངས་ཀྱིས་འདྲ་མཉམ་དྲང་གཞག་ལ་སྙེག་པའི་རེ་འདུན་ཡོད།

ལྷ་མོ་འཚོས་བསྒྱུར།