མཚོ་བྱང་ཁུལ་གྱིས་བྱེད་ཐབས་གསར་གཏོད་བྱས་ནས་ཐོན་ཁུལ་གྱི་རིམས་ནད་ཞིབ་བཤེར་བྱེད་ཚད་མཐོར་འདེགས་གཏོང་བར་ནུས་ལྡན་སྒོས་སྐུལ་འདེད་བཏང་།
2025.02.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 47

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་རང་གི་གསོ་སྤེལ་ཁྱིམ་ཚང་གི་ནོར་ལུག་གསོ་ཁ་ནས་འབུད་པའི་རིམས་ནད་ཞིབ་བཤེར་བྱེད་པར་སྙན་ཞུ་འབུལ་བའི་རང་འགུལ་རང་བཞིན་ཇེ་ཆེར་གཏོང་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཁོངས་ཀྱི་ནོར་ལུག་གསོ་ཁ་ནས་འབུད་པར་སྐུལ་འདེད་གཏོང་བའི་བྱ་དགའི་ཁ་གསབ་སྤྲོད་པའི་ཇུས་གཞི་གཏན་འབེབས་བཟོས་ནས་བཏོན་པ་དང་། སྲོག་ཆགས་ཐོན་ཁུལ་གྱི་རིམས་ནད་ཞིབ་བཤེར་བྱེད་པ་དེ་བྱ་བའི་ཁ་གསབ་མ་དངུལ་སྤྲོད་པའི་རེ་ཞུའི་གཞི་འཛིན་ས་གཙོ་བོ་བྱས།2024ལོར། མཚོ་བྱང་ཁུལ་གྱི་ནོར་ལུག་གསོ་ཁ་ནས་འབུད་ཚད་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་དང་སྟོང་བདུན་དང་སུམ་བརྒྱར་སླེབས་པ་དང་། ནོར་ལུག་ཐོན་ཁུལ་གྱི་རིམས་ནད་ཞིབ་བཤེར་བྱེད་ཚད་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་དང་སྟོང་ལྔ་དང་དྲུག་བརྒྱར་སླེབས་ཤིང་། གསོ་ཁ་ནས་འབུད་ཚད་དང་རིམས་ནད་ཞིབ་བཤེར་བྱེད་ཚད་དེ་བྱ་དགའི་ཁ་གསབ་ལག་བསྟར་བྱས་པའི་སྔོན་དང་བསྡུར་ན་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་ཐིག་གཅིག་དང་བརྒྱ་ཆའི་སོ་དགུ་དང་གྲངས་ཆུང་གཉིས་བཞི་ཇེ་མཐོར་སོང་ཡོད།

ཇུས་གཞི་བཏོན་རྗེས།  གསོ་སྤེལ་ར་བས་སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་ཚད་ལྡན་དཔང་ཡིག་བླངས་རྗེས། ཡུལ་ཚོའི་སྲིད་གཞུང་གིས་ཐོག་མའི་ཞིབ་བཤེར་དང་རྫོང་རིམ་པའི་ཞིང་ཕྱུགས་གཙོ་གཉེར་སྡེ་ཁག་གིས་བསྐྱར་ཞིབ་བྱ་རྒྱུར་སྤྲོད་དགོས། ནོར་ལུག་གསོ་ཁ་ནས་འབུད་པའི་བྱ་དགའི་ཁ་གསབ་དེ་གཅིག་གྱུར་གྱི་རྣམ་པས་གསོ་སྤེལ་ར་བར་ཁ་གསབ་སྤྲད་པ་དང་།གསོ་སྤེལ་ར་བའི་ནོར་ལུག་གསོ་ཁ་ནས་འབུད་པའི་རིམས་ནད་ཞིབ་བཤེར་བྱེད་པའི་སྙན་ཞུ་འབུལ་བའི་རང་བཞིན་ནུས་ལྡན་སྒོས་ཇེ་མཐོར་བཏང་སྟེ། ནོར་ལུག་ཐོན་ཁུལ་གྱི་རིམས་ནད་ཞིབ་བཤེར་བྱེད་ཚད་ལོ་རེ་བཞིན་ཇེ་མང་དུ་བཏང་།

དེ་དང་མཉམ་དུ། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱིས་གློག་རྡུལ་ཅན་གྱི་རིམས་ནད་ཞིབ་བཤེར་ཚད་ལྡན་དཔང་ཡིག་ལེན་པར་སྐུལ་འདེད་གཏོང་བ་དེ་གོ་སྐབས་སུ་བརྩིས་ནས། ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞི་མཉམ་འགུལ་བྱས་པ་དང་། སྡེ་བའི་ཁྱིམ་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་པ་དང་དྲིལ་སྒྲོག་ཡིག་ཆ་སྟེར་བ། དྲིལ་སྒྲོག་ནང་དོན་བརྒྱུད་བསྐུར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཕྱུགས་ཟོག་གི་རིམས་ནད་ཞིབ་བཤེར་བྱེད་པའི་དྲིལ་སྒྲོག་ཤུགས་ཚད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། གསོ་སྤེལ་ལས་རིགས་གཉེར་མཁན་གྱི་ཞིབ་བཤེར་སྙན་ཞུའི་འདུ་ཤེས་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱས།  མཚོ་བྱང་ཁུལ་གྱི་ཞིབ་བཤེར་སྙན་ཞུའི་ས་ཚིགས་སོ་སོ་དང་ཞིང་ཕྱུགས་ཕྱོགས་བསྡུས་ཁྲིམས་བསྟར་ལས་ཁུངས་ཀྱིས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་རིམས་ནད་ཞིབ་བཤེར་ལྟ་སྐུལ་གྱི་ཁྲིམས་བསྟར་མཉམ་འགུལ་རྐྱེན་སྲོལ་བཙུགས་པ་དང་། ཁྲིམས་འགལ་ཁུངས་སྣེ་བརྒྱུད་སྤྲོད་དང་ཞིབ་བཤེར་ལྟ་རྟོག་མཉམ་འབྲེལ། ཐག་གཅོད་མཇུག་འབྲས་ཕན་ཚུན་ཁས་ལེན་བཅས་ཀྱི་ཁྲིམས་བསྟར་ཞིབ་བཤེར་རྒྱུན་རྣམ་གསར་བ་ཆགས་པར་སྐུལ་འདེད་བཏང་སྟེ། གསོ་སྤེལ་བྱེད་མཁན་གྱི་ཞིབ་བཤེར་སྙན་ཞུའི་གོ་རིམ་ཁྲོད་ཀྱི་སྟབས་བདེའི་རང་བཞིན་དང་ཡིད་ཚིམ་ཚད་མཐོར་འདེགས་བཏང་།


ལྷ་མོ་འཚོས་བསྒྱུར།