2025ལོའི་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་ལུགས་རྙིང་འགྲུལ་སྐྱེལ་ཆེད་དོན་གཞི་གྲངས་ལས་མངོན་པ་ལྟར་ན། ལུགས་རྙིང་ལོ་སར་གྱི་གུང་གསེང་སྐབས་ཀྱི་ཉིན8ལ། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་ལས་བརྒལ་ཡོད་ཅིང་། དེའི་ནང་ཉིན་ལྔའི་རིང་ཉིན་རེའི་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར3ལས་བརྒལ་ཡོད།
ཟླ2པའི་ཚེས4ཉིན་ནི་ལུགས་རྙིང་ལོ་སར་གུང་གསེང་གི་ཉིན་མཐའ་མ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་བརྒྱུད་དེ་འགྲུལ་པ་ཕྱིར་ལོག་ཚད་ཆེས་མང་ཤོས་སུ་སླེབས་ཡོད་ཅིང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་དགུ་སྐྱེལ་འཆར་ཡོད་ལ། འགྲུལ་པ་སྐྱེལ་འདྲེན་ལ་དམིགས་པའི་མེ་འཁོར་སྟོང་གཉིས་བརྒྱ་དང་གོ་དྲུག་ཁ་སྣོན་བྱེད་རྩིས་ཡོད། མཚན་མོའི་འགྲུལ་པའི་དགོས་མཁོར་འགན་ལེན་བྱེད་ཆེད། པེ་ཅིང་དང་ཁྲིན་ཏུའུ། ཧ་ཨར་པེན་སོགས་ས་གནས་ཀྱི་མེ་འཁོར་འབབ་ཚུགས་ཀྱིས་མཚན་མོར་འབབ་ཚུགས་ཀྱི་སྒོ་མི་རྒྱག་པའི་བྱེད་ཐབས་སྤྱད་ཡོད།
གཞུང་ལམ་གྱི་ཐད་ནས་བཤད་ན། ཟླ2པའི་ཚེས4ཉིན་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར3ལས་བརྒལ་ངེས་ཡིན་པ་དང་། མྱུར་བགྲོད་གཞུང་ལམ་དྲ་རྒྱས་རྒྱུན་མཐུད་ངང་མཐོ་རིམ་འཁོར་སྐྱོད་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཀོང་ཏུང་དང་ཧུའུ་ནན། ཨན་ཧོས་སོགས་ས་ཁུལ་གྱི་ལམ་དུམ་ཁག་གཅིག་གི་ཕྱིར་ལོག་རླངས་འཁོར་གཅིག་སྡུད་བྱས་ཡོད། ས་གནས་དེ་གའི་འགྲིམ་འགྲུལ་སྡེ་ཁག་གིས་རིམ་དབྱེ་དོ་དམ་ཚོད་འཛིན་དང་། རང་འགུལ་ངང་ཞིང་ཆེན་ནང་ཁུལ་གྱི་ལམ་ཐག་ཉེ་སར་འགྲོ་བའི་རླངས་འཁོར་གྱེས་རྒྱུག་སོགས་ཀྱི་བྱེད་ཐབས་སྤྱད་དེ་འགྲིམ་འགྲུལ་གྱི་ལས་ཆོད་ནུས་ལྡན་ངང་མཐོ་རུ་བཏང་།
དམངས་སྤྱོད་མཁའ་འགྲུལ་གྱི་ཐད་ནས་བཤད་ན། ཟླ2པའི་ཚེས4ཉིན། རྒྱལ་ཡོངས་སུ་དུས་གཏན་གནམ་གྲུ་ཐེངས་ཁྲི་གཅིག་དང་སྟོང་བརྒྱད་བརྒྱད་བརྒྱ་དྲུག་ལག་བསྟར་བྱེད་འཆར་ཡོད་ཅིང་། འགྲུལ་པ་མི་ཐེངས་ས་ཡ་གཉིས་དང་འབུམ་བཞི་ཁྲི་དགུ་སྐྱེལ་འདྲེན་བྱ་རྒྱུ་རེད། ཧའེ་ནན་གླིང་ཕྲན་གྱི་གནམ་ཐང་ཆེན་པོ་གསུམ་ལ་མཚོན་ནས་བཤད་ན་འགྲུལ་པ་ཕྱིར་ལོག་པའི་ཚད་མཐོ་རླབས་སུ་སླེབས་ཡོད་པ་དང་། མཁའ་འགྲུལ་ཀུང་ཟི་མང་པོ་ཞིག་གིས་གནམ་གྲུ་ཡངས་པོར་འཕུར་སྐྱོད་བྱེད་པའི་མཁའ་ལམ་ལེགས་སྒྲིག་བྱས་ནས། སྐྱེལ་འདྲེན་ནུས་ཤུགས་ཀྱི་མཁོ་སྤྲོད་བྱེད་ཚད་ཆེ་རུ་བཏང་ཡོད།
ཟླ2པའི་ཚེས4ཉིན། ཆུ་ཐོག་གི་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་ཙམ་ཟིན་ངེས་ཡིན་ལ། ཀོང་ཏུང་མཚོ་དོན་སྡེ་ཁག་གིས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོའི་ས་ཁུལ་གྱི་མྱུར་བགྲོད་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ལུགས་རྙིང་ལོ་སར་གུང་གསེང་སྐབས་ཀྱི། འགྲུལ་སྐྱེལ་གྲུ་གཟིངས་ཀྱི་བདེ་འཇགས་ལ་ཁག་ཐེག་གང་ལེགས་བྱས་ནས། སྐམ་ས་ཆེན་མོ་དང་ཤང་ཀང་དང་ཨའོ་མོན་གྱི་གྲོང་མིའི་ལུགས་རྙིང་ལོ་སར་སྐབས་ཀྱི་ཡུལ་སྐོར་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།