ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་འཁོར་རྒྱུག་བྱ་བའི་རྐྱེན་སྲོལ་བཙུགས།
2025.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཉེ་སྔོན། གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྒྲིག་གཞི་བཙུགས་ནས་ལག་བསྟར་བྱས་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་སྣ་ཚོགས་གཙིགས་སུ་བཟུང་ནས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྤེལ་བ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཉེན་བརྡའི་གློག་བརྙན་ལས་མངོན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པ་དང་། ཉིན་རྒྱུན་གྱི་ལྟ་ཞིབ་དང་ཆེད་དོན་ལྟ་ཞིབ། རྒྱུན་སྲོལ་ལྟ་ཞིབ་བཅས་གཏིང་ཟབ་ཏུ་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་ཀྱི་རེ་བ་དང་ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།

ནུས་ལྡན་འཁོར་སྐྱོད་ཀྱི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་མ་ལག་གྲུབ་པར་བྱེད་པའི་ཞོར་དུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་བསྡུ་རུབ་རྐྱེན་སྲོལ་བཙུགས་པ་དང་། ཕྱོགས་ཡོངས་ནས་གནད་དོན་བསྡུ་རུབ་བྱས་ནས། གནད་དོན་འཚོལ་ཞིབ་ཀྱི་གཏིང་ཚད་དང་ཡངས་ཚད་རྒྱ་སྐྱེད། གནད་དོན་ཐག་གཅོད་ཀྱི་རྐྱེན་སྲོལ་བཙུགས་ནས། བསྡུ་རུབ་བྱས་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྣ་ཚོགས་ཕྱོགས་བསྡུས་ལེགས་སྒྲིག་དང་ཞིབ་གཅོད་རིགས་དབྱེ། དབྱེ་ཞིབ་གྲོས་མོལ་བྱས་པ་བརྒྱུད་དེ། གནད་དོན་ཐག་གཅོད་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་པ་དང་། དུས་ཐོག་ཏུ་རིགས་བགོས་ཐག་གཅོད་བྱས། གནད་དོན་སྤྲོད་སྒྲུབ་རྐྱེན་སྲོལ་བཙུགས་པ་དང་། ལྟ་སྒྲུབ་དང་གསལ་འདེབས་སོགས་ཀྱི་རྣམ་པ་བརྒྱུད་དེ། འབྲེལ་ཡོད་གནད་དོན་ དུས་ཐོག་ཏུ་མངའ་ཁོངས་ས་ཆའི་ལྟ་ཞིབ་ལེགས་བཅོས་ཀྱི་འགོ་ཁྲིད་ལས་ཁུངས་དང་ཞིང་ཆེན་རིམ་པའི་ལས་རིགས་གཙོ་འགན་སྡེ་ཁག འབྲེལ་ཡོད་ཁེ་ལས་སྡེ་ཁག མངའ་ཁོངས་ས་ཆའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དེ་བསྒྲུབ་ཏུ་བཅུག གནད་དོན་ཁྱབ་བསྒྲགས་ཀྱི་རྐྱེན་སྲོལ་བཙུགས་པ་དང་། ལྟ་ཞིབ་ཀྱི་གཙོ་གནད་བགོ་སྐྱེལ་བྱས་པ་བརྒྱུད་དེ། དུས་ཐོག་ཏུ་འགོ་ཁྲིད་ཀྱི་མཆན་བཀོད་དང་སྲིད་ཇུས་ཀྱི་རེ་བ། གཙོ་གནད་བྱ་བར་རྒྱུས་ལོན་གསལ་བོ་བྱས།  ལྟ་ཞིབ་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་བརྒྱུད་དེ། དུས་ཐོག་ཏུ་ལྟ་ཞིབ་ཐད་ནས་རྙེད་པའི་འབུར་ཐོན་གནད་དོན་དང་དག་ཐེར་ལེགས་བཅོས་གནས་ཚུལ་ཡར་ཞུ་བྱས་པ་དང་། ཆ་འཕྲིན་གེགས་མེད་མངོན་འགྱུར་བྱས། གནད་དོན་གཙོ་བོ་ཡར་ཞུ་བྱས་པ་བརྒྱུད་དེ། སོ་དམག་གི་ནུས་པ་འདོན་སྤེལ་བྱས། དུས་བཀག་ལྟར་ཁྱབ་བསྒྲགས་གྲོས་ཚོགས་བསྡུས་ནས། ཁུལ་ཁོངས་ཀྱི་འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཁྱབ་བསྒྲགས་བྱས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ད་དུང་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། འབུར་ཐོན་གནད་དོན་དང་སྤྱིར་བཏང་གི་གནད་དོན་ལ་ཁ་ཕྱོགས་ནས་རིགས་བགོས་གསལ་ཕྲ་དོ་དམ་ལག་བསྟར་བྱས་པ་དང་། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་སྡེ་ཁག་དང་དག་ཐེར་ལེགས་བཅོས་དུས་བཅད་གཏན་ཁེལ་གསལ་བོ་བྱས། བསྒྲུབ་པར་སྤྲད་པའི་གནད་དོན་ལ་ལྟ་སྐུལ་རྗེས་འདེད་དང་གཙོ་གནད་ལྟ་སྒྲུབ། གཅིག་འདོམས་སྐུལ་འདེད། ཁྲིམས་འཛིན་མཉམ་འགུལ་བྱས་པ་བརྒྱུད་དེ། བརྒྱུད་རིམ་་ཧྲིལ་བོར་རྗེས་འདེད་ལྟ་ཞིབ་བྱས་པ་དང་། བྱང་བུ་བཀལ་ནས་ལྟ་སྒྲུབ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་ཀྱི་རྐྱེན་སྲོལ་བཙུགས་པ་དང་། གླེང་མོལ་བྱེད་པ་དང་ཡོངས་བསྒྲགས་བྱེད་པ། བརྒྱུད་སྤྲོད་དང་འགན་འཁྲི་རྩད་གཅོད་བྱེད་པ་བརྒྱུད་དེ་དག་ཐེར་ལེགས་བཅོས་བཟང་བོ་མ་བྱས་པའི་འབུར་ཐོན་གནད་དོན་ཐག་བཅད་པ་མ་ཟད། གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་གྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་པའི་བྱ་བ་བཟང་བོར་བསྒྲུབས།

རིན་ཆེན་མཚོས་བསྒྱུར།