ཟླ2པའི་ཚེས7ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ལམ་ལུང་ཁུག་གྲོང་རྡལ་ར་ཁོ་སྡེ་བདུན་གྱི་སྡེ་མི་རྣམས་ཀྱིས། གླུ་གར་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ཀྱི་ཤོམ་འགྲོ་འཁྲབ་སྟོན་བྱས་ཏེ། གནམ་ལོ་གསར་པ་སྐྱིད་ཀྱིས་རོལ་བ་དང་། སྡེ་མི་རྒན་དར་གཞོན་གསུམ་ཀུན་ཐེངས་འདིའི་རིག་རྩལ་འཁྲབ་སྟོན་ལ་ཞུགས་པར་དགའ་སྣང་གིས་ཁེངས་ཤིང་། ཁོ་ཚོས་དམངས་གླུ་དང་ཞབས་བྲོ། ཤོམ་འགྲོ། ཨ་རྩེད་སོགས་གར་གྱི་སྟངས་སྟབས་རེ་རེ་དང་ངག་གི་འགྱུར་ཁུགས་སྙན་མོས་བདེ་སྐྱིད་འཚོ་བར་བསྟོད་གླུ་བླངས་ཤིང་མ་འོངས་འཚོ་བར་རེ་སྨོན་བཅོལ།
ཐེངས་འདིའི་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་དེ་ར་ཁོ་སྡེ་བདུན་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་ཤིང་། སྡེ་མི་རྒན་དར་གཞོན་གསུམ་བརྒྱ་དང་ཉི་ཤུ་ལྷག་རང་འགུལ་གྱིས་ཞུགས་པའི་སྣ་འཛོམས་རིག་རྩལ་འཁྲབ་སྟོན་ཞིག་རེད། བྱ་འགུལ་འདི་བརྒྱུད་ནས་ར་ཁོ་སྡེ་བདུན་གྱི་དམངས་ཁྲོད་རིག་གནས་སྔོག་འདོན་དར་སྤེལ་དང་། ས་ཆ་དེ་གའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བ། གནམ་ལོ་གསར་བའི་དུས་ཆེན་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྦྲེལ་ཐག་ལ་བརྟེན་ནས། ར་ཁོ་སྡེ་བདུན་གྱི་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་ཆེན་པོ་ཐེབས་རྒྱུ་རེད།
གསར་འགོད་པ་ཏིང་འཛིན་མཚོ་མོ་དང་བསོད་ནམས་དབང་མོ་གཉིས་ཡིན།