ཟླ2པའི་ཚེས8ཉིན། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཀྲིན་ཐེ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སིའི་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད་པ་དང་། ཕྱོགས་གཉིས་ཀྱིས་ཐཱན་མེད་དཔེ་སྟོན་བཟོ་གྲྭ་འཛུགས་པ་དང་ལྗང་མདོག་ནུས་ཁུངས། རིག་ནུས་རླངས་གློག རིག་ནུས་ཐཱན་ཉུང་། རྩིས་གློག་མཐུན་སྦྱོར། ཚན་རིག་གསར་གཏོད་སོགས་ཁྱབ་ཁོངས་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་སྤེལ་བར་དམིགས་ཏེ་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
ཐེངས་འདིའི་མཉམ་ལས་བརྒྱུད་ཕྱོགས་གཉིས་ཀྱིས་དགེ་མཚན་གསབ་རེས་དང་། གཉིས་ཁེ་གཉིས་ཕན། ཡུན་རིང་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་ལྟར། ཟི་ལིང་གྲོང་ཁྱེར་གྱི་རིགས་སོ་སོའི་ཐོན་ཁུངས་གཅིག་སྡུད་དང་། ཚོང་རའི་གཙོ་གཞིའི་དགེ་མཚན་དང་ཀྲིན་ཐེ་སྡེ་ཚོགས་ཀྱིས་འོད་ནུས་སྒྲིག་བཟོ་དང་། རིག་ནུས་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་དགེ་མཚན། ཚོང་འགུག་དངུལ་འདྲེན་གྱི་སྣེ་ཁྲིད་བྱེད་ནུས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། ཐཱན་མེད་དཔེ་སྟོན་བཟོ་གྲྭ་འཛུགས་པ་དང་ལྗང་མདོག་ནུས་ཁུངས། རིག་ནུས་རླངས་གློག རིག་ནུས་ཐཱན་ཉུང་། རྩིས་གློག་མཐུན་སྦྱོར། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་གཙོར་བཟུང་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་སྤེལ་ཏེ། ཟི་ལིང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་ཐད་སྒུལ་ཤུགས་དྲག་པོ་སྣོན་པ་དང་ཟི་ལིང་གྲོང་ཁྱེར་གྱི་དག་གཙང་ནུས་ཁུངས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་རྒྱུ་རེད།
ཀྲིན་ཐེ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སི་ནི1984ལོར་བཙུགས་པ་དང་། འཛམ་གླིང་སྟེང་མིང་གྲགས་ཆེ་བའི་རིག་ནུས་ནུས་ཁུངས་མ་ལག་ཐག་གཅོད་ཇུས་གཞིའི་མཁོ་འདོན་མཁན་ཡིན་ལ། ལོ་ངོ་བཞི་བཅུའི་རིང་ལ། ཀྲིན་ཐེ་སྡེ་ཚོགས་ཀྱིས་ཐོན་ལས་ཅན་དང་ཚན་རྩལ་ཅན། རྒྱལ་སྤྱི་ཅན། གཞི་གྲངས་ཅན། སྟེགས་བུ་ཅན་བཅས་ཀྱི་འཐབ་ཇུས་བྱེད་ཐབས་ལག་བསྟར་བྱས་ཏེ། ལྗང་མདོག་ནུས་ཁུངས་དང་རིག་ནུས་རླངས་གློག རིག་ནུས་ཐཱན་ཉུང་བཅས་ཕྱོགས་གསུམ་དང་ཀྲིན་ཐེ་རྒྱལ་སྤྱི་དང་ཚན་རྩལ་གསར་སྤེལ་གྱི་སྟེགས་བུ་ཆེན་པོ་གཉིས་གྲུབ་པར་བྱས་ཡོད།
ཐེངས་འདིར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད་པ་ལས། ཀྲིན་ཐེ་སྡེ་ཚོགས་ཀྱིས་ལས་རིགས་སྣེ་ཁྲིད་ཁེ་ལས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྟོད་སྨད་རྒྱུད་ཁེ་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་མང་པོ་ཟི་ལིང་དུ་མཚམས་སྦྱོར་བྱེད་པ་དང་། ཚོང་གིས་ཚོང་འགུག་པ་དང་ཁེ་ལས་ཀྱིས་ཁེ་ལས་འགུག་པ་སོགས་ཚོང་འགུག་དངུལ་འདྲེན་གྱི་བྱེད་སྒོ་སྤེལ་བར་གཞོགས་འདེགས་བྱས་ནས་རྣམ་གྲངས་ལེགས་པོ་དང་རྣམ་གྲངས་ཆེན་མོ་ཟི་ལིང་དུ་སྐོར་བ་དང་ཟི་ལིང་གི་ཐོན་ལས་ཁྱུ་ཚོགས་རྒྱ་སྐྱེད་དང་གསོ་སྐྱོང་བྱས་ནས་ཕྱོགས་གཉིས་མཉམ་ལས་ཐད་ནས་གཉིས་རྒྱལ་མངོན་འགྱུར་བྱ་རྒྱུ། ཟི་ལིང་གྲོང་ཁྱེར་གྱིས་ཞབས་ཞུའི་ལས་དོན་ཡག་པོར་བསྒྲུབ་སྟེ། ཁེ་ལས་འཕེལ་རྒྱས་འགྲོ་བའི་རྒྱབ་རྟེན་བྱས་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁེ་ལས་ལ་རོགས་རམ་དང་དྲོད་འཁོལ་སྐྱེལ་བ་དང་། ཐད་ཀར་ལོང་སྤྱོད་ཐུབ་པའི་སྲིད་ཇུས་དང་། རྒྱུ་རྐྱེན་འགན་སྲུང་དང་ལས་གཞིའི་དངུལ་གཏོང་། ཁེ་ལས་གསོ་སྐྱོང་སོགས་སྟབས་བདེ་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།