ཟླ2པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་རྒྱུན་ནད་ཕྱོགས་བསྡུས་བཀག་སྡོམ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དེ་བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་སྤེལ་བའི་ཤུགས་ཡོད་བྱེད་ཐབས་དང་དམངས་ཡོངས་ཀྱི་བདེ་ཐང་གི་ཆུ་ཚད་མཐོར་འདེགས་གཏོང་བའི་གནད་འགག་གི་བྱེད་ཐབས་སུ་བརྩིས་ནས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་ལྔ་དང་ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ་བཅུ་དྲུག་འཛུགས་སྐྲུན་བྱས་པ་དང་། ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ་གྲོང་ཁྱེར་དང་ཁུལ་རིམ་པར་ཡོངས་སུ་ཁེབས་པར་བྱས་ལ། དཔེ་སྟོན་རྫོང་དང་ཆུའུ་རུ་ཁེབས་ཚད་བརྒྱ་ཆའི་ཞེ་དྲུག་དང་གྲངས་ཆུང་དྲུག་བདུན་ལ་སླེབས་པ་དང་། མང་ཚོགས་ས་ཡ་བཞི་ལྷག་ལ་ཕན་བཏགས།
རང་ཞིང་གིས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་ཟུང་འབྲེལ་བྱས་ནས། སྟོབས་ཤུགས་ཡོད་རྒུས་བདེ་ཐང་བརྗོད་དོན་དུ་བྱས་པའི་དྲིལ་སྒྲོག་བྱ་འགུལ་སོགས་སྤེལ་བ་དང་། དཔེ་སྟོན་ཁུལ་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་དག་གཙང་གྲོང་ཁྱེར་དང་དཔལ་ཡོན་གྲོང་ཁྱེར། བདེ་ཐང་ཡར་སྐུལ་རྫོང་བཅས་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས། བདེ་ཐང་རྒྱབ་སྐྱོར་ཁོར་ཡུག་ལེགས་བསྒྱུར་བྱས་པ་དང་། བདེ་ཐང་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་བརྟན་པོ་བཙུགས་ལ། བདེ་ཐང་ལས་ཁུངས་དང་གྲོང་སྡེ། སློབ་གྲྭ ཁེ་ལས་སོགས་ཀྱི་བདེ་ཐང་ཕྲ་ཕུང་གྲུབ་པར་བྱས་པ་དང་། བདེ་ཐང་བརྗོད་དོན་སྤྱི་གླིང་དང་བདེ་ཐང་ཐང་ཆེན། བདེ་ཐང་རྐང་ལམ། བདེ་ཐང་ཁང་བ་འཛུགས་སྐྲུན་བྱས་ཤིང་། བདེ་ཐང་རང་འདེམ་ལྟ་ཞིབ་བྱེད་ས་བཙུགས་ལ། དམངས་ཡོངས་ཀྱི་བདེ་ཐང་བློ་སྦྱོང་ཆུ་ཚད་དང་བདེ་ཐང་འཚོ་བའི་རྣམ་པ་ཇེ་མཐོར་བཏང་།
མི་ཚོགས་ཡོངས་དང་ཚེ་སྲོག་འཁོར་ཡུན་ཧྲིལ་བོར་ཁེབས་པའི་འཆི་ཚད་ཐོ་འགོད་དང་རྒྱུན་ནད་ལྟ་ཞིབ། གནོད་འཚེ་ལྟ་ཞིབ་དང་རྒྱུན་ནད་དང་ཉིང་བཅུད་ལྟ་ཞིབ་མ་ལག་བཙུགས་ནས། སྤྱི་ཚོགས་རྒྱུ་རྐྱེན་གྱི་བརྟག་བཤེར་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྨན་བཅོས་བཅོས་བསྒྱུར་གྱི་ཀླད་པའི་གཟའ་གྲིབ་ནད་དང་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཆེ་མི་ཚོགས་ཀྱི་སྔོན་དུས་ཀྱི་ཚགས་འདེམ་དང་ཕྱོགས་བསྡུས་ཐེ་གཏོགས་ལས་གཞི་ལག་བསྟར་བྱས། ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བརྒྱུད་དེ། ཉེན་ཆེ་མི་ཚོགས་ཀྱི་ཚགས་འདེམ་དང་ཐེ་གཏོགས། རྒྱུན་ནད་བྱུང་བའི་ནད་པར་ཚད་ལྡན་ཅན་གྱི་དོ་དམ་བྱེད་ཚད་ཇེ་མཐོར་བཏང་བ་དང་། རྒྱུན་ནད་ཀྱི་གནས་བབ་ལ་རྒྱུས་ལོན་བྱེད་ཆེད། འགོག་བཅོས་ཐབས་ཇུས་གཏན་འབེབས་བྱས་པ་དང་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།
རིན་ཆེན་མཚོས་བསྒྱུར།