ཟླ2པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ཚལ་རྩྭ་ཐང་མེ་འགོག་མེ་གསོད་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཚོ་སྔོན་གྱི་ས་ཁུལ་མང་ཆེ་ཤས་ཀྱི་དྲོད་ཚད་ལོ་སྔོན་མ་དག་གི་དུས་མཉམ་དང་བསྡུར་ན་ཅུང་མཐོ་བ་དང་། ཆར་དང་ཁ་བ་མ་བབས་པའི་ནམ་ཟླ་མ་བྱུང་བ་མ་ཟད། རླུང་ཆེན་གཡུག་པའི་ནམ་ཟླ་ཅུང་མང་ལ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་མེ་སྐྱོན་འབྱུང་བའི་ཉེན་ཁ་ཆེ་བ་དང་། མེ་འགོག་གནས་བབ་ཛ་དྲག་རྙོག་འཛིང་ཆེ་བས། ཞིང་ཆེན་ནགས་ཚལ་མེ་འགོག་བཀོད་འདོམས་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱིས་ཆ་རྐྱེན་ངན་པ་ཁྱད་སེལ་བྱེད་པ་དང་། བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བ་དང་བྱ་བའི་འགན་འཁྲི་གཏན་འཁེལ་བྱེད་པ། མིག་སྔར་གྱི་མེ་སྐྱོན་ཉེན་ཁའི་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ། མེ་ཁུངས་བཀག་སྡོམ་དང་དྲིལ་སྒྲོག་སློབ་གསོ་སྤེལ་ཤུགས་ཇེ་ཆེར་གཏོང་བ། མེ་སྐྱོན་འབྱུང་ཚད་མང་བའི་གནས་བབ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། སྟོབས་ཤུགས་ཆེར་འདོན་དང་འགན་སྲུང་འདོན་སྤྲོད། འགག་སྒོ་སྔོན་སྣུར་བྱེད་པ། སྟོབས་ཤུགས་ཡོད་རྒུས་བྱ་བ་ལག་བསྟར་ཐད་ཀྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད་དེ། བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
སྡེ་ཁག་སོ་སོས་ཡོངས་ཁྱབ་རང་བཞིན་གྱི་འབུར་ཐོན་གནད་དོན་མྱུར་དུ་ཐག་གཅོད་པའི་སྐོར་གྱི་བྱེད་ཐབས་འགའ་ལག་བསྟར་ནན་མོ་བྱེད་པ་དང་། མེ་ཁུངས་བཀག་སྡོམ་བྱེད་པར་ཤུགས་བསྣན་ནས། ཀུན་གྱིས་འགོག་བཅོས་བྱེད་པའི་མི་དམངས་ཀྱི་འགོག་མཚམས་ཇེ་བརྟན་དུ་གཏོང་དགོས། འཕར་གསུམ་གྱི་བྱེད་ཐབས་སྤྱོད་པ་དང་། རི་འགོ་ནགས་འཛུལ་མི་སྣའི་དངོས་མིང་ཐོ་འགོད་བྱ་བ་ལག་བསྟར་བྱེད་པ། དྲིལ་སྒྲོག་སློབ་གསོ་སྤེལ་ཤུགས་ཆེར་རུ་གཏོང་བ། ཕྱི་རོལ་གྱི་ཁྲིམས་འགལ་མེ་བཀོལ་སྤྱོད་ཚུལ་ཡོད་ཚད་བཀག་འགོག་བྱེད་པ། འཕྲལ་བསྟུན་དང་སྤྱི་བདེ། ནགས་རྩྭ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ཕྱི་རོལ་གྱི་ཁྲིམས་འགལ་མེ་བཀོལ་སྤྱོད་ཚུལ་ལ་རྡུང་རྡེག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ཆོག་མཆན་མ་ཐོབ་པའི་ཕྱི་རོལ་གྱི་ཁྲིམས་འགལ་མེ་བཀོལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་དང་ཆད་གཅོད་ནན་མོ་བྱེད་དགོས། གྲོས་མོལ་དང་དུས་ཐུང་སྔོན་བརྡ་ལ་ཤུགས་སྣོན་པ་དང་། བརྙན་རིས་ལྟ་རྟོག་དང་ལྕོག་སྟེགས་སོ་ལྟ། ས་ཐོག་སྐོར་ཞིབ། གནས་ཚུལ་ལྟ་ཞིབ་སོགས་ཀྱི་ལྟ་ཞིབ་སྔོན་བརྡ་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། གཙོ་གནད་ནགས་ཁུལ་དང་འབྲོག་ཁུལ་བཅས་མེ་སྐྱོན་འབྱུང་ཉེན་ཆེ་ས་རུ་ཕྱོགས་ཡོངས་ནས་ལྟ་རྟོག་བྱེད་པ། དུས་ཐོག་ཏུ་མེ་སྐྱོན་ཉེན་ཁའི་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ། ཁ་གཏད་རང་བཞིན་ལྡན་པའི་དང་ལེན་བྱེད་ཐབས་ལག་བསྟར་བྱེད་པར་མཛུབ་སྟོན་བྱེད་དགོས།
དེ་དང་མཉམ་དུ། ནམ་ཟླའི་འགྱུར་ལྡོག་གཞིར་བཟུང་ནས་དུས་ཐོག་ཏུ་མེ་འགོག་བཀའ་ཁྱབ་སྤེལ་བ་མ་ཟད། སྟོབས་ཤུགས་གཅིག་བསྡུ་བྱས་ནས། ཕྱོགས་ཡོངས་ནས་མེ་འགོག་རི་སྡོམ་བྱེད་པར་ལྟ་སྐུལ་བྱེད་དགོས། མེ་ཆེན་གསོད་པ་དང་གནོད་འཚེ་ཆེན་པོ་མྱུར་སྐྱོབ་བྱེད་པར་རྐང་བཙུགས་ནས། སྟོབས་ཤུགས་བཀོད་སྒྲིག་བྱེད་པ་དང་། མེ་སྐྱོན་འབྱུང་ཉེན་ཆེ་བའི་དུས་སྐབས་དང་ཉེན་ཁ་ཆེ་བའི་ཁུལ་ཁོངས་སུ། བཀོད་འདོམས་དང་སྟོབས་ཤུགས། སྒྲིག་ཆས་བཅས་གཙོར་བཟུང་ནས་བཅའ་སྡོད་འགོག་སྲུང་ལག་བསྟར་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།