ཟླ2པའི་ཚེས4ཉིན་ནས་ཚེས9བར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་བདེ་ལེགས་ངང་རྨ་ལྷོའི་ཞིང་གྲོང་ངལ་རྩོལ་པ་སྐོར་དང་པོ་སྟེ། མི110ཁྲིད་ནས་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ཁྲང་བིས་སྡེ་ཚོགས་དུ་སོང་ནས་ཚོགས་སྒྲིག་རྣམ་པའི་ལས་ཞུགས་བྱས་ཏེ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལེགས་པོར་བྱེད་པར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་།
ད་ལོར། རྨ་ལྷོ་ཁུལ་གྱིས"མཚོ་སྔོན་གྱིeལས་ཞུགས"མཛུབ་སྟོན་ཏུ་བཟུང་ནས། རང་འགུལ་གྱི་འདུ་ཤེས་ཡོད་པ། ཡང་དག་པའི་སྦྲེལ་ཟམ་འཛུགས་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་ཞུགས་འཕར་སྣོན་ཀྱི་ས་ཁོངས་དང་བར་སྟོང་གི་ཚོད་འཛིན་སེལ། ཐེངས་འདིའི་ཚོགས་སྒྲིག་རྣམ་པའི་ལས་ཞུགས་རྣམ་གྲངས་ཀྱི་གཙོ་གནད་དུ་འཛིན་ས་ནི་དབུལ་ཐར་ངལ་རྩོལ་པ་དང་། ལྟ་ཞིབ་ཚད་ལེན་རོགས་སྐྱོར་བྱ་ཡུལ། དམའ་འབྲིང་དང་མཐོ་འབྲིང་གི་སློབ་འཚམས་ཆད་པའི་མཐར་ཕྱིན་སློབ་མ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ཡིན་ལ། གདམ་གསེས་ཞིབ་མོ་དང་འོས་འཚམ་གྱི་ལས་གནས་བཀོད་སྒྲིག་བྱས་ཡོད། ལས་རིགས་ཁྱབ་ཁོངས་སུ་གློག་རྡུལ་སྒྲིག་སྦྱོར་དང་། མཁོ་སྒྲུབ་ལས་ཀ། ཞབས་ཞུ་སོགས་ཡོད་པས། ལས་ཞུགས་པས་སྣ་མང་གདམ་གསེས་བྱེད་པའི་དགོས་མཁོ་བསྐང་ཡོད། ལས་གནས་རེའི་ཆ་སྙོམས་ཟླ་ཕོགས་སྒོར་དྲུག་སྟོང་གི་ཡན་ཡིན་པས། ཁོ་ཚོར་རེ་བའི་ཁེངས་པའི་ཡོང་འབབ་ཀྱི་ལམ་བུ་གསར་བ་ཞིག་བཏོད།
ཚོགས་སྒྲིག་རྣམ་པའི་ལས་ཞུགས་བྱ་བ་ལེགས་པོ་སྒྲུབ་ཆེད། ཁུལ་དང་རྫོང་རིམ་པའི་ལས་ཞུགས་སྡེ་ཁག་གིས་གོང་འོག་མཉམ་སྒྲུབ་ཀྱིས་ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན། རྩ་འཛུགས་མི་སྣ་སྡེ་བ་དང་ཁྱིམ་ཚང་ལ་སོང་ནས་ལས་ཞུགས་དགོས་མཁོར་གནད་ཁེལ་ཕྱོགས་བསྡུས་དང་། ཁྱབ་རྒྱ་ཆེ་བའི་སྒོ་ནས་དྲིལ་བསྒྲགས་དང་སྐུལ་སློང་བྱས་ཏེ་ཚོགས་སྒྲིག་རྣམ་པའི་ལས་ཞུགས་ཀྱི་དྲིལ་བསྒྲགས་བྱ་བ་རྒྱ་ཁྱབ་དུ་སྤེལ་བ་དང་། ཕྱི་རུ་ལས་ཞུགས་བྱེད་འདོད་ཡོད་པ་དག་ཐེངས་འདིའི་ཚོགས་སྒྲིག་རྣམ་པའི་ལས་ཞུགས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཆོག
རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་དབུས་ཤར་ཞིང་ཆེན་གྱི་མི་བཀོལ་ལས་ཁུངས་ལ་འབྲེལ་བ་དང་མཉམ་ལས་བྱས་ཏེ། སྐོར་ཐེངས་གཉིས་པ་དང་གསུམ་པ་སོགས་ཞིང་ཆེན་ལས་བརྒལ་ནས་ལས་ཀ་སྒྲུབ་པའི་བྱ་བ་བདེ་ལེགས་ངང་འགྲུབ་པར་སྐུལ་འདེད་བཏང་པ་དང་། ཚོགས་སྒྲིག་རྣམ་པའི་ལས་ཞུགས་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་དེ། ལས་ཞུགས་སྡེ་ཁག་གིས་སྣེ་ཁྲིད་ནས་སྦྲེལ་ཟམ་འཛུགས་པ་དང་། ཁེ་ལས་ཀྱིས་ལས་གནས་འདོན་སྤྲོད་བྱེད་པ། ལས་ཞུགས་པས་གསོ་སྦྱོང་བྱས་ནས་ལས་ཞུགས་བྱེད་པ་བཅས་གཅིག་ལ་གཅིག་རྟེན་གྱི་ཞབས་ཞུའི་འགན་སྲུང་རྣམ་པ་འཐུས་ཚང་དུ་བཏང་སྟེ། ཁུལ་ཡོངས་ཀྱི་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ནས་ཚོགས་སྒྲིག་རྣམ་པའི་ལས་ཞུགས་བྱ་བའི་སྤུས་ཚད་དང་ནུས་པ་མཐོར་འདེགས་བཏང་།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།