ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།
2025.02.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས13ཉིན། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་དུ་བསྡུས་ནས། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་བྱ་བ་ཕྱོགས་སྡོམ་དང་མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། 2025ལོའི་ལས་འགན་བཀོད་སྒྲིག་བྱས་པ་དང་། 2024ལོར་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཆ་འཕྲིན་བརྒྱུད་སྐུར་བྱས་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་ལས་བསྟན་དོན། 2024ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རིགས་ཆོས་ལུགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་དང་ཆོས་ལུགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། བྱ་བ་སྣ་ཚོགས་ལ་འཕེལ་རྒྱས་གསར་བ་བྱུང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2025ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རིགས་ཆོས་ལུགས་སྡེ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་རྒྱུན་འཁྱོངས་བྱེད་པ་དེ་ལས་འགན་གཙོ་བོར་བརྩིས་ནས། མི་རིགས་མཐུན་སྒྲིལ་གྱི་མཉམ་འདྲེས་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ་དང་། བསྐྱོད་པ་བཅུའི་བྱ་འགུལ་ལེགས་པོར་སྤེལ་བ། འགུལ་སྐྱོད་བཅུ་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། དེང་རབས་རྒྱ་ཡིག་ཚིག་མཛོད་ཀྱི་རྒྱ་བོད་ཤན་སྦྱར་གྱི་པར་གཞི་ཆ་ཚང་འགྲེམ་སྤེལ་བྱེད་པ། སྐབས་བརྒྱད་པའི་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལེགས་པོར་སྤེལ་བ་བཅས་ལ་མཛུབ་སྟོན་བྱེད་དགོས། ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གྱི་བསྐྱོད་པ་དྲུག་གི་བྱ་འགུལ་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཆད་ཁྲིད་ཆེན་མོ་སོགས་ཀྱི་བྱ་འགུལ་ལེགས་པོར་སྤེལ་བ། ཞིང་ཆེན་རིམ་པའི་ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།  ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་བྱས་ནས། དུས་རབས་གསར་བའི་མི་རིགས་ཆོས་ལུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལྷ་མོ་འཚོས་བསྒྱུར།