ད་ལོ་ཞིང་ཆེན་ཡོངས་ཀྱིས་གྲོང་གསེབ་དར་རྒྱས་དང་མཐའ་དར་དམངས་ཕྱུག་ལས་གཞི་གཅིག་ལག་བསྟར་བྱེད་རྒྱུ་ཡིན་ལ། ལུས་རྩལ་སྤྱི་གླིང་ཆུང་གྲས་དང་དམངས་ཡོངས་ལུས་སྦྱོང་ལྟེ་གནས་བདུན་དང་། འཁྱག་ཤུད་ཐང་དྲུག རིག་ནུས་ཁང་པའི་ཕྱི་རོལ་གྱི་ལུས་སྦྱོང་ཡོ་བྱད་ཆ་ཚང་བདུན། རྒྱལ་ཁབ་ཀྱི་སྤོ་ལོ་སྡེ་ཁུལ་དུ་ཁྱབ་གདལ་གཏོང་བའི་རྣམ་གྲངས་ཉིས་བརྒྱ་བཅས་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ལུས་རྩལ་ཐང་བདུན་ཅུ་ལྷག་རིན་མི་དགོས་པ་དང་ཡང་ན་རིན་ཉུང་བསྡུ་བྱེད་པའི་ཁ་གསབ་ཁྱབ་ཁོངས་སུ་འཇོག་རྒྱུར་བརྩོན་ལེན་བྱེད་རྒྱུ་རེད།
གསར་འགོད་པས་ཤེས་གསལ་ལྟར་ན། ཉིས་སྟོང་ཉེར་བཞི་ལོར་ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ལུས་རྩལ་ཁང་གྱ་གཅིག་སྤྱི་ཚོགས་ལ་རིན་མི་དགོས་པར་སྒོ་ཕྱེ་བ་དང་། ད་ལོ་ཞིང་ཆེན་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཞབས་ཞུའི་མ་ལག་ཚོགས་འདུ་སྔར་ལས་ལྷག་པའི་སྒོ་ནས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཁྱབ་གདལ་དང་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་ལས་གཞི་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཐང་གི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་རྒྱུ་དང“རྒྱལ་ཁབ་ཀྱི་སྤོ་ལོ་གཉིས་སྐྱོད”སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་བརྒྱུད། མང་ཚོགས་ཀྱི་ཉེ་འགྲམ་དུ་སྐྱོད་ཆོག་པའི་ལུས་སྦྱོང་ཐང་གི་སྒྲིག་བཀོད་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཏེ་སྤྱི་པའི་ལུས་རྩལ་སྒྲིག་བཀོད་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།
ཞིང་ཆེན་ཡོངས་ཀྱིས“དམངས་ཡོངས་ཀྱི་ལུས་སྦྱོང་ཟླ་བའི”བྱེད་སྒོ་རབ་དང་རིམ་པ་དཔེ་སྟོན་སྣེ་ཁྲིད་དུ་བྱས་ཏེ། སྡེ་ཁུལ་ལུས་རྩལ་འགྲན་ཚོགས་དང་། གྲོང་གསེབ་ཀྱི་ལུས་རྩལ་འགྲན་ཚོགས། ལས་བཟོ་པའི་ལུས་རྩལ་འགྲན་ཚོགས། སློབ་མའི་ལུས་རྩལ་འགྲན་ཚོགས། རྒན་པའི་ལུས་རྩལ་འགྲན་ཚོགས་སོགས་མང་ཚོགས་དང་ཉེ་བར་བཅར་ཏེ། མང་ཚོགས་ལ་སྟབས་བདེ་བསྐྲུན་པ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་འགྲན་བསྡུར་བྱེད་སྒོ་ཧུར་ཐག་གིས་སྒྲིག་འཛུགས་དང་འཛུགས་གཉེར་བྱས་པ་དང་། ད་ལོའི་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་བཟུང་སྟེ། “སྐྱེལ་འདྲེན་བཅོ་ལྔའི་”མང་ཚོགས་ཀྱི་རྣམ་གྲངས་འགྲན་བསྡུར་ལ་ཧུར་ཐག་གིས་ཞུགས་རྒྱུ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་ཡོད། དུས་མཚུངས་སུ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ལུས་རྩལ་གྱི་དམིགས་བསལ་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་དང་། གྲོང་གསེབ་དང་མི་རིགས་ས་ཁུལ་གྱི་ལུས་རྩལ་སྒྲིག་བཀོད་གསར་སྒྱུར་དང་རིམ་སྤར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཁྱབ་གདལ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་སྤུས་རྟགས་སྐྱེད་སྲིང་བཅས་བྱས་ཏེ། ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཁེ་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས།
དམངས་ཡོངས་ཀྱི་ལུས་སྦྱོང་རྩ་འཛུགས་ཀྱི་དྲ་བ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་ཁྲིད་སྟོན་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་བ། རྒྱལ་ཡོངས་ཀྱི་རྒྱལ་དམངས་གཟུགས་གཞི་ལྟ་ཞིབ་ཚད་ལེན་ཐེངས་དྲུག་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ། རྒན་པའི་བདེ་ཐང་ལ་མཐོང་ཆེན་བྱེད་པ་དང་རྒན་པ་རྣམས་ལུས་རྩལ་ཁྲོད་ཞུགས་པའི་འདུ་ཤེས་འདོན་སྤེལ་གང་ལེགས་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ད་ལོར་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་སྟོང་གཉིས་དང་བརྒྱ་གསོ་སྦྱོང་བྱེད་རྒྱུ་བརྩོན་ལེན་བྱེད་རྒྱུ་རེད།