ཚེས14ཉིན་གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་སོགས་སྡེ་ཁག17གྱིས་མཉམ་འབྲེལ་སྒོས་བརྡ་ཐོ་པར་འགྲེམས་བྱས་ཏེ། 2025ལོའི“ཁེ་ལས་ལ་མཉམ་དུ་ཕན་པ་ཐོབ་པའི”ཁེ་ལས་ཆུང་འབྲིང་གི་ཞབས་ཞུའི་འགུལ་སྐྱོད་སྤེལ་རྒྱུར་བཀོད་སྒྲིག་བྱས་པ་དང་། ཞབས་ཞུའི་འགུལ་སྐྱོད་དེ2025ལོའི་ལོ་ཧྲིལ་པོར་ཁྱབ་པར་བྱེད་རྒྱུ་དང་། དེའི་གཙོ་གནད་ནི་སྲིད་ཇུས་ལ་བརྟེན་ནས་ཁེ་ལས་ལ་ཕན་པ་ཐོབ་པར་བྱེད་པ་དང་ཁོར་ཡུག་ལ་བརྟེན་ནས་ཁེ་ལས་ལ་གསོན་ཤུགས་སྟེར་བ། གསར་གཏོད་ལ་བརྟེན་ནས་ཁེ་ལས་སྟོབས་ལྡན་དུ་གཏོང་བ། འཇོན་མིར་བརྟེན་ནས་ཁེ་ལས་དར་རྒྱས་གཏོང་བ། བཅའ་ཁྲིམས་ལ་བརྟེན་ནས་ཁེ་ལས་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་ལྔའི་སྒོ་ནས་སྤེལ་རྒྱུ་ཡིན་ལ། ཟླ6པའི་ནང་དུ། “ཁེ་ལས་ཆུང་འབྲིང་གི་ཞབས་ཞུའི་ཟླ་བའི”བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་འཆར་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། “ཁེ་ལས་ལ་མཉམ་དུ་ཕན་པ་ཐོབ་པའི”ཁེ་ལས་ཆུང་འབྲིང་གི་ཞབས་ཞུའི་འགུལ་སྐྱོད་ཀྱིས། ས་གནས་དང་སྡེ་ཁག་སོ་སོའི་ཁེ་ལས་ལ་ཕན་པ་ཐོབ་པའི་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་སྒྲོག་དང་ལག་བསྟར་བྱ་རྒྱུ་ཡིན་ལ། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། མིས་བཟོས་རིག་ནུས་སོགས་གཞི་གྲངས་ལག་རྩལ་སྤྱད་དེ། ཁེ་ལས་ཀྱི་འདྲ་རིས་ལ་གཞིགས་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཆ་འཕྲིན་གནད་ལ་འཁེལ་བའི་སྒོ་ནས་འགྲེམས་སྤེལ་བྱས་ཏེ། སྤྱི་ཕན་རང་བཞིན་དང་དམིགས་འབེན་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་སྔར་ལས་གང་མང་འདོན་རྒྱུར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།