མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་བྱ་བ་དང་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་ཚོགས།
2025.02.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་བྱ་བ་དང་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་བཀོད་སྒྲིག་གྲོས་ཚོགས་ཟླ2པའི་ཚེས14ཉིན་ཟི་ལིང་དུ་ཚོགས། ཚོགས་ཐོག་ཏུ་རྒྱལ་ཡོངས་ནགས་ལས་རྩྭ་ཐང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། 2024ལོའི་ནགས་རྩྭ་བྱ་བ་སྤྱི་སྡོམ་བྱས་ལ། 2025ལོའི་ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་ལས་འགན་གཙོ་བོ་དང་བྱང་གསུམ་བཟོ་སྐྲུན་གྱི་ལོ་ཧྲིལ་བོའི་ལས་འགན་བཀོད་སྒྲིག་བྱས།

2024ལོར། ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་མ་ལག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་དུ་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་སྤེལ་བར་གཅིག་འདོམས་བྱས་ལ། ཚན་རིག་དང་མཐུན་པ་དང་སྐྱེ་ཁམས་དང་གྲོན་ཆུང་ལྗང་བསྒྱུར་གྱི་རེ་བ་ལག་བསྟར་ཟབ་མོ་བྱས་པས། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་དང་མཛེས་བསྒྱུར་ཐད་ནས་ཡང་བསྐྱར་གྲུབ་འབྲས་བཟང་བོ་བླངས་པ་དང་། གོ་གནས་གསལ་བོ་ཡར་ཞུ་བྱེད་པ་དང་པར་རིས་མར་བཀྲམས་པ། ལེགས་ཞིབ་ཅན་གྱི་དོ་དམ་བྱེད་པ་སོགས་ཀྱི་བྱེད་ཐབས་བཟང་བོ་སྤྱད་དེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁོངས་སྤྱི་ཆིང་འབུམ་བཞི་དང་ཁྲི་གཅིག་ལྷག་ལྗང་བསྒྱུར་བྱས་པ་དང་། དེས་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་བཅུ་གསུམ་ཟིན། འོས་འགན་སྡོང་འཛུགས་བྱེ་བ་གཅིག་དང་ས་ཡ་བདུན་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་བཞི་དང་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ་དྲུག་འཛུགས་སྐྲུན་བྱས་ལ། གྲོང་གསེབ་བཅོ་ལྔར་ལྗང་བསྒྱུར་མཛེས་བསྒྱུར་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐབས་དྲུག་གི་འཆར་འགོད་འཆར་གཞི་རུ་བྱེད་པ་དང་། ལས་གཞི་གཙོ་བོ་དང་ཉི་འོད་ནུས་པའི་བྱེ་ཐང་བཅོས་སྐྱོང་དེ་བྱེད་ཐབས་སུ་བྱེད་པ། བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་བཟང་བོར་བྱེད་པའི་སྤྱིའི་ནགས་དཔོན་གྱི་བཀའ་རྒྱ་ཁྱབ་བསྒྲགས་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་བྱང་གསུམ་བཟོ་སྐྲུན་གྱི་སྤྱི་ཁོག་གི་འཆར་འགོད་དང་ལོ་གསུམ་འགུལ་སྐྱོད་གསར་བའི་ཇུས་གཞི་སྒྲིག་བཟོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཉི་འོད་ནུས་པའི་བྱེ་ཐང་བཅོས་སྐྱོང་ལས་གཞིར་བཀོད་སྒྲིག་བྱེད་པ། ཀྲུང་གོའི་ནགས་ལས་ཚན་རྩལ་གླིང་དང་མཉམ་འབྲེལ་སྒོས་ཕྱོགས་ཡོངས་ཀྱི་ལག་རྩལ་མཉམ་ལས་སྤེལ་བ། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་བཞི་མཉམ་འབྲེལ་གྱི་ཆེད་མཁས་པའི་འདེགས་སྐྱོར་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། བྱང་གསུམ་བཟོ་སྐྲུན་ཐད་གོ་རིམ་ཧྲིལ་བོའི་ཆེད་མཁས་པའི་ལག་རྩལ་ཞབས་ཞུ་རྒྱུན་མཐུད་ངང་འདོན་སྤྲོད་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།