ཉེ་ལམ། གསར་འགོད་པས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལུགས་རྙིང་ལོ་སར་གྱི་སྐབས་སུ། སྲོལ་རྒྱུན་གྲོང་ཚོ་ཁག་ཏུ་ལོ་སར་གྱི་བྱེད་སྒོ་རྒྱ་ཆེན་སྤེལ་བའི་ལས་དོན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སོ་སོ་རུ་སྤེལ་ནས། ཁྱོན་བསྡོམས་ཡུལ་སྐོར་པ་མི་ཐེངས་བྱེ་བ་བཞི་དང་ས་ཡ་བདུན་འབུམ་གཉིས་ལྷག་སྣེ་ལེན་བྱས་ཏེ། རང་རྒྱལ་གྱི་སྲོལ་རྒྱུན་གྲོང་ཚོར་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ཕན་འབྲས་མངོན་གསལ་སྒོས་ཇེ་ཆེར་བཏང་།
རྒྱ་ལོའི་ཚེས་བཅོ་ལྔའི་ཉིན་བར་དུ། རྒྱལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ5473ལ་བྱེད་སྒོ་ཐེངས11853ཙམ་སྤེལ་བ་དང་། ཡུལ་སྐོར་པ་མི་ཐེངས་བྱེ་བ་བཞི་དང་ས་ཡ་བདུན་འབུམ་གཉིས་ལྷག་སྣེ་ལེན་བྱས།
མིག་སྔར། རང་རྒྱལ་གྱི་གྲོང་ཚོ8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོབ་མིང་ཐོའི་ནང་ཚུད་ཡོད་པར་མ་ཟད། སྒོ་བྱང་བཀལ་ནས་སྲུང་སྐྱོབ་བྱས་ཡོད་ལ། ཞིང་ཆེན16གི་གྲོང་ཚོ5028ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོབ་མིང་ཐོའི་ནང་ཚུད་ཡོད། ས་གནས་སོ་སོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་དུས་མཚུངས་སུ། སྲོལ་རྒྱུན་གྲོང་ཚོ་གསོན་ཉམས་ཅན་དུ་བསྒྱུར་བའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། སྤྲོ་གསེང་ཡུལ་སྐོར་དང་རིག་གནས་གསར་གཏོད་སོགས་ཐོན་ལས་འཕེལ་རྒྱས་གང་ལེགས་བཏང་ཡོད།
སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་གོམ་སྟབས་རྗེས་མར། སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོབ་ཁུལ་གྱི་ཚོད་ལྟའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་སྒོ་མུ་མཐུད་དུ་སྤེལ་ཏེ། ས་གནས་སོ་སོས་གྲོང་ཚོའི་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་འབད་པས་གསབ་ནས། གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།