ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། དཔྱིད་ཀའི་རྨོ་འདེབས་ནི་ཞིང་ལས་ཀྱི་མགོ་རྩོམ་ཡིན་ལ། ལོ་ཧྲིལ་བོའི་ཞིང་ལས་འཕེལ་རྒྱས་ཀྱི་རྨང་རྡོ་གལ་ཆེན་ཡང་ཡིན། གཅན་ཚ་རྫོང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྱི་ཆེས་སྔ་མོར་རྨོ་འདེབས་བྱེད་པའི་ས་ཁུལ་ཡིན་པའི་ཆ་ནས། ཟླ2པའི་ཚེས15ཉིན་བར་དུ། གྲོ་དང་ནས། མ་རྨོས་ལོ་ཏོག ལོག་དཀར་སོགས་ཀྱི་སོན་བཟང་སྤྱི་རྒྱ་འབུམ་གསུམ་དང་སྟོང་ལྔ་བརྒྱད་བརྒྱ་དང་གཅིག་གྲ་སྒྲིག་བྱས་ཏེ། ད་ལོའི་འབྲུ་རིགས་ལོ་ལེགས་ཡོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས།
དཔྱིད་ཀའི་རྨོ་འདེབས་དང་ཐོན་སྐྱེད་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་ཆེད། གཅན་ཚ་རྫོང་གིས་མྱུར་དུ་འགུལ་སྐྱོད་སྤེལ་ནས། ཞིང་ལས་རྒྱུ་ཆ་ཉར་གསོག་དང་ཞིང་ལས་འཕྲུལ་ཆས་བཀོད་སྒྲིག་བྱ་བ་བཟང་བོར་བསྒྲུབས་པ་དང་། རིགས་མི་འདྲ་བའི་ལུད་རྫས་སྣ་ཚོགས་ཏུན་བརྒྱ་དང་གཉིས་དང་ཚོང་རྫས་སྐྱེ་ལྡན་ལུད་རྫས། སྐྱེ་ལྡན་ལོ་མའི་ལུད། སྔོ་ཚལ་ཞུ་ཆུའི་ལུད་སོགས་གཏོང་འདྲེན་བྱས་ལ། དེ་དང་མཉམ་དུ་ཞིང་སྨན་སྤོར་སྡེབ་བྱེད་ཤུགས་ཇེ་ཆེར་བཏང་ནས། ལོ་ཏོག་མི་འདྲ་བ་སྐྱེ་བའི་རྒྱུད་རིམ་ཁྲོད་ཀྱི་ཉིང་བཅུད་དང་ནད་འབུའི་གནོད་འཚེ་འགོག་བཅོས་ཐད་ཀྱི་དགོས་མཁོ་སྐོང་ཐབས་བྱས།
ཞིང་ལས་འཕྲུལ་ཆས་ཅན་གྱི་ཕྱོགས་ནས། རྫོང་ཡོངས་ཀྱིས་བསྡོམས་པས་རིགས་མི་འདྲ་བའི་འདྲུད་འཐེན་འཁོར་ལོ་སྟོང་གསུམ་དང་བཞི་བརྒྱ་གྱ་གསུམ་དང་། ས་སྙོམས་འཕྲུལ་ཆས་སྟོང་བཞི་བརྒྱ་དང་བཅུ་གཉིས། འདེབས་འཛུགས་ལུད་རྫས་འཕྲུལ་ཆས་བརྒྱ་དང་དྲུག་ཅུ་བཅས་ཉར་གསོག་བྱས། ཞིང་ལས་འཕྲུལ་ཆས་དེ་དག་གིས་དཔྱིད་ཀའི་རྨོ་འདེབས་སྐབས་སུ་ནུས་པ་ཆེན་པོ་བཏོན་ནས། དཔྱིད་ཀའི་རྨོ་འདེབས་ཀྱི་ཐོན་སྐྱེད་ལས་ཆོད་ཇེ་མཐོར་གཏོང་བ་དང་། དུས་ཐོག་ཏུ་རྨོ་འདེབས་སོན་འདེབས་དང་ལུད་གཏོར་བར་ཁག་ཐེག་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།