མཚོ་ནུབ་ཁུལ་གྱིས་གྲོས་ཚོགས་ལེགས་སྒྱུར་གྱི་བྱེད་ཐབས་དགུ་བཏོན་ནས་གྲོས་ཚོགས་ཀྱི་སྤུས་ཚད་ཇེ་མཐོར་བཏང་།
2025.02.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2ཚེས13ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོས་ཚོགས་སྔར་ལས་ལེགས་སྒྱུར་བྱས་ཏེ་གྲོས་ཚོགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་སྦྱོར་དཔར་འགྲེམ་བྱས་ནས། གྲོས་ཚོགས་ཀྱི་ཞིབ་མཆན་ཇེ་དམ་དུ་གཏོང་བ་དང་གྲོས་ཚོགས་ཀྱི་གྲངས་ཀ་ཇེ་ཉུང་དུ་གཏོང་བ། གྲོས་ཚོགས་ཀྱི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། གྲོས་ཞུགས་མི་སྣ་ནན་སྡོམ་བྱེད་པ། རྒྱུ་ཆའི་སྤུས་ཚད་ཇེ་མཐོར་གཏོང་བ། གྲོས་ཚོགས་ཀྱི་ནུས་ཕྱོད་མཐོ་རུ་གཏོང་བ། གྲོས་ཚོགས་ཀྱི་ཚོགས་སྲོལ་གཟབ་ནན་ཏུ་གཏོང་བ། གྲོས་ཚོགས་སྤེལ་སྟངས་ལེགས་སྒྱུར་བྱེད་པ་སོགས་ཞིབ་ཚགས་ཀྱི་བྱེད་ཐབས་དགུ་བཏོན་པར་བརྟེན། གྲོས་ཚོགས་ཀྱི་ཚོགས་སྲོལ་སྔར་ལས་ལེགས་སྒྱུར་དང་། གྲོས་ཚོགས་ཀྱི་སྤུས་ནུས་ཇེ་མཐོར་བཏང་ཞིང་།  བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གཏིང་ཟབ་བྱེད་པའི་ལས་དོན་རྒྱུན་མཐུད་སྒོས་སྤེལ་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་།

བརྡ་སྦྱོར་ལས་གྲོས་ཚོགས་ཀྱི་གྲོས་རིམ་སོ་སོར་བླང་བྱ་གསལ་བོ་བཏོན་ཡོད། ཞིབ་མཆན་འགོད་པའི་ཕྱོགས་ནས། ཁུལ་དང་རྫོང་རིམ་པའི་སྡེ་ཁག་དང་གྲོས་རིམ་མཐུན་སྦྱོར་གྱི་ལས་ཁུངས་སོ་སོས་བསྡུས་པའི་ས་གནས་རང་བཞིན་གྱི་གྲོས་ཚོགས་དང་འོག་རིམ་དུ་སྣུར་སྲིང་བྱེད་དགོས་པའི་གྲོས་ཚོགས་ཏེ། གོ་རིམ་ལྟར་རིམ་པ་གཅིག་པའི་ཏང་ཨུ་དང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས། གྲངས་ཀའི་ཕྱོགས་ནས། རྫོང་རིམ་པ་དང་དེའི་མན་གྱི་རིམ་པར་བསྡུས་པའི་གྲོས་ཚོགས་ཏེ་ཁུལ་དང་རྫོང་རིམ་པ་ནས་ཡང་བསྐྱར་རེ་རེ་བཞིན་བསྡུ་མི་དགོས། དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་སྟེ་གཞི་རྒྱ་ཆུང་བའི་མཐུན་སྦྱོར་གྲོས་ཚོགས་དང་བཀོད་གཏོང་གྲོས་ཚོགས། ཆེད་དོན་གྲོས་ཚོགས། སྙན་ཞུའི་གྲོས་ཚོགས་སོགས་བསྡུ་དགོས། སྒྲིག་རིམ་གྱི་ཕྱོགས་ནས་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་ཞུགས་པའི་གྲོས་ཚོགས་དང་གཏན་འབེབ་ཁ་གསལ་བཟོས་ཡོད་པ་ལས་གཞན། འོག་རིམ་གྱི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་ངེས་པར་ཞུགས་དགོས་པའི་རེ་བ་མི་འདོན་པ། བྱེད་ཐབས་ཀྱི་ཕྱོགས་ནས་ནང་དོན་འདྲ་མཚུངས་དང་གྲོས་ཚོགས་གཅིག་འདྲ་ཡིན་ན་མཉམ་དུ་འཚོགས་པ་དང་། ཚོགས་ཞུགས་མི་སྣ་འདྲ་མཚུངས་དང་སྣོལ་འབྲེལ་གྱི་གྲོས་ཚོགས་སྡེབ་གཅིག་ཏུ་བསྡུ་བའམ་ཡང་ན་རྒྱུན་མཐུད་སྒོས་བསྡུ་དགོས་ཤིང་། བརྙན་རིས་རྣམ་པའི་གྲོས་ཚོགས་གཙོར་འཛིན་དགོས། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ནས་ཁུལ་དང་རྫོང་རིམ་པའི་སྡེ་ཁག་གིས་བསྡུས་པའི་ས་གནས་རང་བཞིན་གྱི་གྲོས་ཚོགས་ཡིན་ན། གྲོས་ཚོགས་ཀྱི་ནང་དོན་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་ཁུངས་གཅིག་པུ་ཞུགས་དགོས། གྲོས་དོན་མཐུན་སྦྱོར་གྱི་ལས་ཁུངས་སོ་སོས་བསྡུས་པའི་གྲོས་ཚོགས་ཡིན་ན། བྱ་བའི་བྱེ་བྲག་གི་ལས་འགན་དང་འབྲེལ་བ་མེད་པའི་ལས་ཁུངས་ཞུགས་མི་དགོས། རྒྱུ་ཆའི་ཕྱོགས་ནས་ར་མགོ་ལུག་སྦྱར་དང་ཁྱབ་ཆེར་གླེང་བ་བཀག་སྡོམ་ནན་མོ་བྱེད་པ་དང་། གཏམ་བཤད་རྒྱུ་ཆ་ཡིག་འབྲུ་ཆིག་སྟོང་ཉིས་བརྒྱ་ལས་མི་བརྒལ་བ། ཡིག་ཐོག་རྒྱུ་ཆ་སྤྱིར་བཏང་ཡིག་འབྲུ་ཆིག་སྟོང་ལྔ་བརྒྱ་ལས་མི་བརྒལ་བ་ཡིན་དགོས་ཤིང་། གྲོས་ཞིབ་ཀྱི་རྒྱུ་ཆས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། བྱེད་ཐབས་ཤུགས་དྲག་དང་འགན་འཁྲི་ནན་དཀྲི་བྱེད་དགོས། ནུས་ཕྱོད་ཀྱི་ཕྱོགས་ནས་ཡུན་ཐུང་གི་གྲོས་ཚོགས་བསྡུ་བ་དང་སྐད་ཆ་ཉུང་ཉུང་གིས་མཇུག་བསྡུ་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། བྱ་བ་བཀོད་སྒྲིག་དང་གནད་དོན་ཐག་གཅོད་པ་གཙོར་འཛིན་དགོས་ལ། གྲོས་རིམ་བརྒྱུད་མི་དགོས་ཤིང་། ཁྲིམས་བཅད་རང་བཞིན་དང་ལམ་ལུགས་རང་བཞིན་གྱི་གྲོས་ཚོགས་ལས་གཞན། ཚོགས་ཡུན་དེ་རྩ་དོན་སྟེང་ཉིན་ཕྱེད་ལས་མི་བརྒལ་བ་དང་། གྲོས་ཚོགས་ཀྱི་གཏམ་བརྗོད་སྤྱིར་བཏང་དུས་ཚོད་བཞི་ལས་མི་བརྒལ་བ་ཞིག་ཡིན་དགོས། སྒྲིག་ཁྲིམས་ཀྱི་ཕྱོགས་ནས་ཚོགས་སྲོལ་སྒྲིག་སྲོལ་གཟབ་ནན་ཡིན་དགོས་ལ། གནང་ཞུའི་ལམ་ལུགས་ནན་མོ་ཡིན་དགོས་ཤིང་། ཆོག་མཆན་མ་ཐོབ་པར་ཚོགས་འདུར་ཆད་མི་ཆོག་ལ་སྒེར་ངོས་ནས་གཞན་པར་ཚབ་བྱེད་དུ་བཅུག་མི་ཆོག   སྤེལ་སྟངས་ཀྱི་ཕྱོགས་ནས་ཁུལ་དང་རྫོང་གི་འགན་ཁུར་བློ་མཐུན་གཙོ་བོ་ཞུགས་པའི་གྲོས་ཚོགས་དྲིལ་སྒྲོག་བྱེད་ཆོག་ཅིང་། མགོ་ཁྲིད་གཞན་པ་ཞུགས་པ་དང་དེས་བསྡུས་པའི་གྲོས་ཚོགས། ཡང་ན་སྡེ་ཁག་ལས་ཁུངས་ཀྱིས་བསྡུས་པའི་གྲོས་ཚོགས་ཡིན་ན་སྤྱིར་བཏང་དྲིལ་སྒྲོག་བྱེད་མི་དགོས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཚོ་ནུབ་ཁུལ་གྱིས་གཞི་རིམ་གྱི་ཁུར་བོ་ཇེ་ལྗིད་དུ་གཏོང་བའི་ཕྱི་ཚུལ་རིང་ལུགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ཏེ། ངེས་གཏན་དང་གྲངས་གཏན་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། བྱ་བའི་ལས་རིམ་ཁ་གསལ་མིན་པའི་བར་སྟོང་ཇེ་ཆུང་དུ་གཏོང་བ། ལམ་ལུགས་བྱེད་ཐབས་འཛུགས་པ། བླང་བྱ་ཞིབ་ཚགས་སུ་བསྒྱུར་བ། ཆུང་ས་ནས་བཀག་སྡོམ་ནན་མོ་བྱེད་པ་ཤུགས་དྲག་ཏུ་གཏོང་བ། དུས་རྒྱུན་དང་ཡུན་རིང་། ནན་མོ་དང་དོན་དངོས། གཏིང་ཟབ་དང་ཞིབ་ཚགས་བཅས་ཀྱི་སྟེང་ཤུགས་བཏོན་ཏེ། དོན་དངོས་སུ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་ནས་ལས་བྱེད་པར་འཕེལ་རྒྱས་འཆར་འགོད་དང་དངོས་འབེབས་དམ་འཛིན། དམངས་ཚིས་ཕན་འདོགས་ཐད་སྔར་ལས་མང་བའི་དུས་ཚོད་དང་ནུས་ཤུགས་ཡོད་པར་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།