རྨ་ལྷོ་ཁུལ་གྱིས་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱིས་མཉམ་ལས་སྒོས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་བསྩལ།
2025.02.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ནོར་ལུག་གསོ་སྤེལ་ཁྱིམ་ཚང་ཆེ་གྲས་བློ་བཟང་གི་ཁྱིམ་ལ་མཚོན་ནས་བཤད་ན། བེའུ་ཆུང་ཆུང་སྐོར་ཞིག་གིས་ཇེ་མང་དུ་སོང་ཡོད། བློ་བཟང་གིས་བཤད་རྒྱུར། ནོར་ལུག་གཏའ་མར་བཞག་ནས་དངུལ་བུན་བསྐྱིས་ཆོག་པའི་སྲིད་ཇུས་ཀྱིས་དངོས་གནས་རོང་འབྲོག་མང་ཚོགས་ལ་རོགས་རམ་ཆེན་པོ་བྱས་ཡོད། བསྐྱིས་དངུལ་གྱི་སྐྱེད་ཀ་དམའ་བར་མ་ཟད། བསྐྱི་བའི་གོ་རིམ་དང་ཕྱིར་སྟེར་བའི་རྣམ་པ་བཅས་ཚང་མ་སྟབས་བདེ་ཡིན་པར་བརྟེན། བསྐྱིས་དངུལ་འདི་དག་གིས་ངའི་མ་དངུལ་ཆད་ལྷག་ཁ་གསབ་བྱས་ཡོད་པའི་དབང་གིས། ངས་ཡང་བསྐྱར་ནོར་ལུག་སྐོར་ཞིག་ཉོས་པ་ཡིན། ད་ལྟ་བེའུ་ནར་སོན་ནས་མ་དངུལ་ལ་བརྗེ་བར་རེ་ལྟོས་བྱེད་ཀྱིན་ཡོད་ཟེར། མིག་སྔའི་བར་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་དང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་རྨ་ལྷོའི་ཡན་ལག་དངུལ་ཁང་གིས“ནོར་གནག་གི་དངུལ་བུན།”དང“བོད་ལུག་གི་དངུལ་བུན། ”“གཟན་རྩྭའི་དངུལ་བུན། ”སོགས་ཁྱོན་བསྡོམས་དངུལ་བུན་ཐེངས124བསྐྱིས་པ་དང་། དངུལ་བུན་བསྡོམས་འབོར་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་བདུན་ཁྲི་གཅིག་ལྷག་ཟིན་ཡོད་ལ། དངུལ་བུན་དེས་རོང་འབྲོག་མི་དམངས་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་དངུལ་རྩའི་དགོས་མཁོ་དུས་ཐོག་ཏུ་སྐོང་ཐུབ་ཡོད།

2024ལོར་རྨ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་དང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་རྨ་ལྷོའི་ཡན་ལག་དངུལ་ཁང་གིས། “ཞིང་གསུམ་ལ་ཞབས་འདེགས་ཞུ་རྒྱུ་དང་དམངས་ཚིས་ཇེ་ལེགས་སུ་གཏོང་རྒྱུའི”དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། 《གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》དང་དམ་པོར་དམིགས་ནས། དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས་གསར་གཏོད་བྱས་ཏེ།  “འབྲུ་རིགས་བརྟན་བརླིང་གི་དངུལ་བུན། ”དང“ནོར་གནག་གི་དངུལ་བུན། ”“བོད་ལུག་དངུལ་བུན། ”“གཟན་རྩྭའི་དངུལ་བུན།” “ཞིང་ལས་དང་ཚོང་ལས་ཀྱི་དངུལ་བུན་》སོགས་གྲོང་གསེབ་ཀྱི་དགོས་མཁོ་དང་འཚམ་པའི་དངུལ་རྩའི་ཐོན་རྫས་རབ་དང་རིམ་པ་གསར་གཏོད་བྱས་ནས་དངོས་སུ་བཏོན་ཏེ། གྲོང་གསེབ་དར་སྤེལ་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། “འབྲུ་རིགས་བརྟན་བརླིང་གི་དངུལ་བུན”དེས་འབྲུ་རིགས་འདེབས་འཛུགས་ཁྱབ་ཁོངས་སུ་བློ་རྩེ་གཅིག་སྒྲིམ་བྱས་ཏེ། རོང་འབྲོག་ཁྱིམ་ཚང་ལ་སྤུས་ལེགས་ས་བོན་དང་ལུད་རྫས། སྔོན་ཐོན་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་བཅས་ཉོ་རྒྱུར་རོགས་རམ་བྱས་ནས། འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་སྔར་ལས་བརྟན་བརླིང་ཅན་དུ་གཏོང་བཞིན་ཡོད་ཅིང་། གསོ་སྤེལ་ཁྱིམ་ཚང་གིས “ནོར་གནག་གི་དངུལ་བུན”ལ་བརྟེན་ནས། ནོར་གནག་གི་རིགས་རྒྱུད་སྤུས་ལེགས་ནང་འདྲེན་བྱས་ནས་གསོ་སྤེལ་ཁོར་ཡུག་ལེགས་སུ་བཏང་སྟེ། གསོ་སྤེལ་གྱི་གཞི་ཁྱོན་སྔར་ལས་ཇེ་ཆེར་གཏོང་བ་དང་ཚད་ལྡན་ཅན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།  “བོད་ལུག་དངུལ་བུན”གྱིས་དེང་རབས་ཅན་གྱི་ལུག་གསོ་ཁང་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་སྒོ་ནས་གཟན་ཆས་སྡེབ་སྦྱོར་བྱས་ཏེ། བོད་ལུག་གི་སྤུས་ཚད་དང་ཐོན་ཚད་ཇེ་མང་དུ་བཏང་ནས། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་འབད་ཀྱིན་ཡོད།  “གཟན་རྩྭའི་དངུལ་བུན”གྱིས་གཟན་རྩྭ་བརྟན་པོའི་ངང་མཁོ་སྤྲོད་ཐུབ་པར་འགན་ལེན་བྱས་ནས། སྒོ་ཕྱུགས་ཀྱིས་དགུན་ཁ་བདེ་བླག་ངང་བརྒལ་བར་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།  “ཞིང་ལས་དང་ལས་དངུལ་བུན”གྱིས་གྲོང་གསེབ་ཀྱི་ཚོང་ལས་གཉེར་སྐྱོང་བྱེད་སྒོར་འཁོར་རྒྱུག་མ་དངུལ་མཁོ་འདོན་བྱས་ནས། གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།