མཚོ་སྔོན་གྱི་རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ལོ་ཧྲིལ་པོར་ཁྲིམས་འགལ་ཁེ་ལས341ཞིབ་བཤེར་ཐག་གཅོད་བྱས།
2025.02.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2ཚེས10ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཐོག་རྒྱུས་ལོན་པ་ལྟར་ན། 2024ལོར། མཚོ་སྔོན་གྱི་རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་དང་སེལ་རྒྱུར་མཐོང་ཆེན་བྱས་ཏེ། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་གྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱས་ནས།    ལོ་ཧྲིལ་པོར་རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཁྲིམས་འགལ་ཁེ་ལས341ཞིབ་བཤེར་ཐག་གཅོད་བྱས།

ཁོར་ཡུག་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ནན་མོ་བྱེད་པའི་ཐད། ལོ་ཧྲིལ་པོར་རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་བསྡོམས་པའི་ཁྲིམས་འགལ་ཁེ་ལས341ཞིབ་བཤེར་ཐག་གཅོད་བྱས་པ་དང་། སྲིད་འཛིན་ཆད་གཅོད་ཐེངས242དང་དངུལ་ཆད་སྒོར་བྱེ་བ་གསུམ་དང་ས་ཡ་བརྒྱད་ཁྲི་གཉིས་ལྷག་བཅད། ཉེན་ཆེའི་མཁོ་མེད་དངོས་རྫས་དང་སྦགས་བཙོག་འབྱུང་ཁུངས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་རྫུན་བཟོའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་མོ་བཏང་བ་དང་།    སྲིད་འཛིན་ཆད་གཅོད་གྱོད་གཞི23བསྒྲུབས་པ་དང་ཁྲིམས་འཛིན་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་པའི་གྱོད་གཞི5ཡོད། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་ཐད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དུས་མཇུག་གི་དོ་དམ་སྲུང་སྐྱོབ་བྱ་བ་ལེགས་པར་སྒྲུབ་རྒྱུར་མཐོང་ཆེན་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་མུ་མཐུད་དུ་སྤེལ་བས།    མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་པའི་སྐྱིན་ཚབ་ལ་འཕེལ་རྒྱས་གལ་ཆེན་བྱུང་སྟེ། གྲོས་མཐུན་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་བདུན་ས་ཡ་ལྔ་ལེགས་འགྲུབ་བྱས་པ་དང་མ་དངུལ70%ཙམ་དམིགས་སར་འབྱོར་ཡོད། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་དོགས་གཞི་ཡོད་པའི་གནད་དོན་གྱི་ཁུངས་སྣེ47དང་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག21གི་སྐྱེ་ཁམས་གཏོར་བརླག་གི་དོགས་གཞི་ཡོད་པའི་གནད་དོན་གྱི་རི་མོ་དང་ཁྲ་ཐིག་ཞིབ་བཤེར་ལེགས་འགྲུབ་བྱུང་། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་བརྟག་དཔྱད་རྩ་འཛུགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་མི་མངོན་པའི་ཉེན་ཁ644ཤེས་རྟོགས་བྱུང་བ་དང་བཅོས་སྒྲིག་ལེགས་འགྲུབ་ཚད98%ཟིན་ཡོད།

རྒྱུས་ལོན་པ་ལྟར་ན། 2025ལོར། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ་གཅིག་གྱུར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱུ་རེད། མདོ་ལ་རི་བོའི་མུ་རི་གཏེར་ཁུལ་དང་དེ་མིན་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོབ་ལ་ལྟ་སྐུལ་དོ་དམ་མུ་མཐུད་ཡག་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་མུ་མཐུད་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་གད་སྙིགས་དང་བཙོག་ཆུ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་གནས་ཚུལ་འགྱུར་ལྡོག་བརྟག་དཔྱད་དཔྱད་འཇོག་ཐེངས་ལྔ་པ་དང་དེ་མིན་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་སྲུང་སྐྱོབ་ཕན་འབྲས་དཔྱད་འཇོག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།     སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་བྱེད་པའི་མ་ལག་འཛུགས་དགོས།

ཤ་བོ་རིན་མཚོས་བསྒྱུར།