མཚོ་ནུབ་ཁུལ་གྱིས་དམངས་ཕན་དོན་དངོས་བཅུ་དགུ་བསྒྲུབ་ནས་དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་རྒྱུ་རེད།
2025.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས17ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར་མཚོ་ནུབ་ཁུལ་གྱིས་དམངས་ཚིས་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་ཤུགས་བཏོན་ནས། དམངས་ཕན་དོན་དངོས་བཅུ་དགུ་བསྒྲུབ་སྟེ། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་སྔར་ལས་ཇེ་མཐོར་གཏོང་རྒྱུ་རེད།

འཕེལ་རྒྱས་ཀྱི་ཆེས་མཐའ་མཇུག་གི་རྐང་འཛུགས་ས་ནི་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཡོང་བར་བྱེད་རྒྱུ་དེ་ཡིན་ལ། མཚོ་ནུབ་ཁུལ་གྱིས་དམངས་ཚིས་ལ་དམ་དུ་དམིགས་པ་དང་། ལས་ཞུགས་བརྟན་འཇགས་སུ་བཏང་ནས་དམངས་ཚིས་ལ་ཕན་འདོགས་པའི་ལས་གཞི་དང་སྲིད་ཇུས་རང་བཞིན་གྱི་མི་བསྡུ་ལས་གཞི། སློབ་གསོ་ཉམས་ཞན་སློབ་གྲྭའི་ནུས་པ་མཐོར་འདེགས་ལས་གཞི། སློབ་གསོ་སྲུང་སྐྱོབ་ལས་རྐང་ཉོ་སྒྲུབ་ལས་གཞི། རོང་འབྲོག་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་ལས་གཞི། གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་ལས་གཞི། དམངས་ཚིས་གཞི་རྒྱུ་ལྟ་ཞིབ་ལས་གཞི། དབང་བོ་སྐྱོན་ཅན་གྱི་སློབ་རོགས་དང་འཚོ་བའི་ཁ་གསབ་སྟེར་བའི་ལས་གཞི། ལོ་ལོན་གྱི་ཟ་རོགས་ཞབས་ཞུ་ས་ཆའི་ཁ་གསབ་ལས་གཞི། འདེབས་འཛུགས་གསོ་སྤེལ་ཁ་གསབ་ལས་གཞི། འཕང་འབྲས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་པའི་ལས་གཞི། སྤྱི་ཐུན་ལུས་རྩལ་ར་བ་རིན་གོང་དམའ་བ་དང་རིན་མི་ལེན་པར་སྒོ་འབྱེད་པ། ལུས་སྦྱོང་ཞབས་ཞུའི་རྩོལ་ནུས་འཐུས་ཚང་དུ་གཏོང་བ། འཛད་སྤྱོད་དམངས་ཕན་འགུལ་སྐྱོད་ལས་གཞི། ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་ལྟ་སྐུལ་འཐེན་བཤེར་ལས་གཞི། མཁའ་ལམ་འཁོར་རྒྱུག་ཁ་གསབ་ལས་གཞི། ཞིང་སྡེ་གཞུང་ལམ་གསོ་སྐྱོང་ལས་གཞི། གནས་སྐོར་གསང་སྤྱོད་བཅོས་སྐྱོང་མཐོར་འདེགས་འགུལ་སྐྱོད་ལས་གཞི། གློག་སྒུལ་ལྕགས་རྟའི་གློག་གསོག་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་སོགས་དམངས་ཕན་དོན་དངོས་བཅུ་དགུ་ཤུགས་འདོན་ས་རུ་བྱས་ཏེ། དམངས་ཚིས་ཀྱི་བདེ་སྐྱིད་ཡར་འདེགས་བརྟན་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་སྔར་ལས་མང་པོར་ཕན་འདོགས་ཐུབ་པར་བྱེད་རྒྱུ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར་མཚོ་ནུབ་ཁུལ་གྱི་དམངས་ཚིས་ཁྱབ་ཁོངས་ཀྱི་འགྲོ་གྲོན་གྱིས་ནོར་སྲིད་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆའི་གྱ་གཅིག་ཟིན་པ་དང་། རིགས་ཆེན་པོ་བཅུའི་དམངས་ཚིས་དོན་དངོས་ཉེར་བདུན་ཡོངས་སུ་ལེགས་འགྲུབ་བྱས། རིམ་པ་སོ་སོའི་ནོར་སྲིད་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་ས་ཡ་བརྒྱད་བཏང་ནས་ལས་གཞི་ཉིས་བརྒྱ་དང་སོ་བཞི་ལག་བསྟར་བྱས།

རིན་ཆེན་མཚོས་བསྒྱུར།