མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་རྫས་སྣ་ལྔ2024ལོའི་ཞིང་ཞོར་ཐོན་རྫས་སྤུས་ལེགས་ཁུངས་འདེད་ཀྱི་ཐོག་མའི་མིང་ཐོའི་ཁྲོད་ཚུད།
2025.02.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2ཚེས17ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཞིང་ཞོར་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས2024ལོའི་ཞིང་ཞོར་ཐོན་རྫས་སྤུས་ལེགས་ཁུངས་འདེད་མིང་ཐོ་རེ་ཞུའི་བསྐྱར་ཞིབ་ལས་ཐོན་པའི་མིང་ཐོ་ཐོག་མ་ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཡོངས་སུ་ཞིང་ཞོར་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན58བསྐྱར་ཞིབ་ལས་ཐོན་ཡོད་ཅིང་། མགོ་ལོག་ཁུལ་གྱི་ཞིང་ཞོར་ཐོན་རྫས་སྣ་ལྔ་དེའི་ཁྲོད་ཚུད་ཡོད།

ཐེངས་འདིའི་བསྐྱར་ཞིབ་ལས་ཐོན་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་རྫས་ལ། མཚོ་སྔོན་ལྔ་གསུམ་དྲུག་དགུ་སྐྱེ་ཁམས་འབྲོག་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་སྐྱེ་ལྡན་སྐམ་ཤ་དང་། གཅིག་སྒྲིལ་སྐམ་ཤ    རྨ་ཆེན་རྫོང་མར་ལོ་འོ་སྤྲིའི་ཟས་རིགས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་དར་ར་དང་རྨ་ཆེན་ཁྱད་མཚར་ཡུལ་གྲུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཧྲི་ཡིས་རེ་ཞུ་བྱས་པའི་རྨ་ཆེན་གྱི་བོད་ལུག་དཀར་པོ་དང་། རྨ་ཆེན་སྐམ་ཤ་བཅས་ཡོད། ཐོན་རྫས་འདི་དག་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དང་ཕྱུགས་ལས་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཅོལ་ཞིང་། ཚད་ལྡན་གྱི་ཐོན་སྐྱེད་བརྒྱུད་རིམ་བརྩི་སྲུང་ནན་མོ་བྱས་ལ། གསོ་གཉོར་དང་ལས་སྣོན་ནས་ཕྱིར་འཚོང་བར་གྱི་འབྲེལ་ཐག་ཧྲིལ་བོའི་ཁུངས་འདེད་དོ་དམ་མངོན་འགྱུར་བྱས་ཏེ། མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་དང་འགྲན་རྩོད་ནུས་པ་མངོན་པར་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཞོར་ཐོན་རྫས་སྤུས་ལེགས་ཁུངས་འདེད་བྱེད་པ་ནི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་བྱེད་གནས་ཀྱི་ཆ་འཕྲིན་དཔང་འབྱེད་ཁུངས་འདེད་ལ་ཤུགས་སྣོན་པ་དང་། ཞིང་ཞོར་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་གྱི་ཐོན་གནས་ཡོངས་ཁུངས་གསལ་འབྱེད་བྱེད་པ། ཁྱད་གཤིས་ཁུངས་འདེད་ཞབས་ཞུ་གཏན་འབེབ་དང་སྤུས་ཚད་མཐོ་བའི་ཞིང་ཞོར་ཐོན་རྫས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་བ། སྤུས་གསར་ཐོན་སྐྱེད་ནུས་པའི་ཚན་རྩལ་གྲུབ་འབྲས་བེད་སྤྱོད་ཐུབ་པར་སྐུལ་འདེད་གཏོང་བ། ཞིང་ཞོར་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་གཞི་གྲངས་ཅན་གྱི་སྩོལ་ནུས་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་རེད། ཐེངས་འདིར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་རྫས་རིགས་སྣ་ལྔ་བདམས་ཐོན་བྱུང་བ་ལས། མགོ་ལོག་ཁུལ་གྱི་ཞིང་ཞོར་ཐོན་རྫས་སྤུས་ཚད་བདེ་འཇགས་ཁུངས་འདེད་མ་ལག་འཛུགས་པར་ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ་ལོན་ནས་ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ཐེབས་ནུས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཏང་ཙུའུ་ཡི་ཁོངས་མི་རྡོ་ཚེ་བརྟན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིར་བདམས་ཐོན་བྱུང་བའི་ཐོན་རྫས་རིགས་སྣ་ལྔ་པོར་ཞིང་ཆེན་རིམ་པ་ཡན་གྱི་སྤུས་ཚད་བདེན་དཔང་ཐོབ་ཡོད་ཅིང་། ཁུངས་འདེད་མ་ལག་གིས་ཐོན་སྐྱེད་ལས་སྣོན་དང་ཞིབ་བཤེར་ཚད་འབྱེད། འཁོར་རྒྱུགས་ཕྱིར་འཚོང་སོགས་ཀྱི་གནད་འགག་གོ་རིམ་ཡོངས་སུ་ཁེབས་པར་བྱས་ཡོད་པ་མ་ཟད། འཛད་སྤྱོད་པར་ཡིད་རྟོན་རུང་བའི་སྤུས་ཚད་འགན་སྲུང་འདོན་སྤྲོད་བྱ་ཐུབ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྤུས་ལེགས་ཁུངས་འདེད་ཐོག་མའི་ཁས་ལེན་དེ་མགོ་རྩོམ་ས་གསར་བར་བརྩིས་ཏེ། སྤུས་ལེགས་ཁུངས་འདེད་ཁས་ལེན་བྱ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། སྤུས་ལེགས་ཁུངས་འདེད་བྱ་བ་ཁྱབ་ཁོངས་ཕྱི་རུ་སྤེལ་ཐུབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། སྤུས་ལེགས་གོང་བདེའི་སྒོ་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཐོན་ལས་ནུས་བསྐྱེད་ལ་རོགས་འདེགས་བྱ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།