ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་བསྡུས།
2025.02.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས17ཉིན། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་ལས2024ལོའི་ཚན་རྩལ་བྱ་བར་ཕྱོགས་སྡོམ་དང་མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། བརྗེ་རེས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། 2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། 2024ལོར། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཁོངས་གཏོགས་ཀྱིས་གསར་གཏོད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། ཚན་རྩལ་གསར་སྤེལ་དང་གྲུབ་འབྲས་ཚུར་སྒྱུར་གཉིས་ཀ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་། ཚན་རྩལ་གསར་གཏོད་བཅོས་སྐྱོང་མ་ལག་གི་རྣམ་པ་གསར་བ་གྲུབ་པ་དང་། ཚན་རྩལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་གསར་བ་མངོན་པར་རོགས་ཤུགས་བཏོན་ལ། འགག་རྩའི་ལྟེ་བའི་ལག་རྩལ་ལ་ཐོད་བརྒལ་གསར་བ་བྱུང་བ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱིས་བགྲོད་ལམ་གསར་བ་བཏོད་པར་སྣེ་ཁྲིད་དང་འདེགས་སྐྱོར་བྱས་ནས། ཁེ་ལས་གསར་གཏོད་བྱེད་མཁན་གྱི་གོ་གནས་ཇེ་མཐོར་གྱུར་བ་དང་། ཚན་རྩལ་དངུལ་རྩའི་ཞབས་ཞུའི་ཐོན་ལས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་ལ། རིམ་ནུས་མཐོ་བའི་གསར་གཏོད་སྟེགས་བུ་འཛུགས་སྐྲུན་བྱེད་པ་དེ་སྐས་རིམ་གསར་བར་སླེབས་པ་དང་། ཚན་རྩལ་གྱི་དམངས་ཕན་ཞིང་ཕན་བྱ་བར་ཕན་འབྲས་གསར་བ་བླངས་ཏེ། ཚན་རྩལ་སྒོ་འབྱེད་མཉམ་ལས་ཐད་དགེ་མཚན་གསར་བ་ཐོབ།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2025ལོར་རང་ཞིང་གི་ཚན་རྩལ་བྱ་བས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་མ་ལག་གི་ཞན་ཆ་དང་མི་འདང་སར་དམིགས་ནས། སློབ་གསོ་དང་ཚན་རྩལ་འཇོན་མི་གཞི་གཅིག་ཅན་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་དང་། གསར་གཏོད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་ལ། ཚན་རྩལ་ལམ་ལུགས་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། གསར་གཏོད་ཐོན་ཁུངས་གཅིག་འདོམས་དང་སྟོབས་ཤུགས་རྩ་འཛུགས་ལ་ཤུགས་སྣོན་པ། རྣམ་པ་གསར་བའི་རོགས་སྐྱོར་རྐྱེན་སྲོལ་དང་སྒོ་འབྱེད་མཉམ་ལས་རྣམ་པ་འཚོལ་ཞིབ་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ། ཚན་རྩལ་གསར་གཏོད་སྟེགས་བུའི་མ་ལག་ལེགས་སྒྱུར་བྱེད་པ། ཁེ་ལས་གསར་གཏོད་བྱེད་མཁན་གྱི་གོ་གནས་ཇེ་མཐོར་གཏོང་བ། ཚན་རྩལ་གྲུབ་འབྲས་བརྒྱུད་སྤྲོད་ཚུར་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་སྐྱེད་སྲིང་དང་འཕེལ་རྒྱས་་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་གསར་གཏོད་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་སྐུལ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།