མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གི་རྒྱ་གྲོའི་ས་བོན་ལ་ཟི་ལིང་སྒོ་གཅལ་ཁོངས་གཏོགས་ན་གོར་མོའི་སྒོ་གཅལ་གི་བརྟག་དཔྱད་བྱས་ཏེ་ཚད་ལྡན་བྱུང་རྗེས། སི་ཕེན་དང་ཏེན་མག་རྒྱལ་ཁབ་ལ་བསྐུར། དེ་ལས་མཚོ་སྔོན་གྱིས་རང་བདག་གསོ་སྤེལ་བྱས་པའི་རྒྱ་གྲོའི་ས་བོན་ཕྱིར་འཚོང་མངོན་འགྱུར་བྱས་པ་མཚོན་ལ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ཀྱང་རྒྱ་གྲོའི་ས་བོན་ཕྱིར་གཏོང་བྱས་པ་ཐེངས་དང་པོ་རེད།
མཚོ་སྔོན་གཙང་གསུམ་ས་གཤིན་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ལས་འཛིན་དཔོན་ཧོང་ཁྲའོ་པེན་གྱིས་བཤད་རྒྱུར། ན་ནིང་གི་ལོ་འཇུག་ལ། སི་ཕན་དང་ཏེན་མག་རྒྱལ་ཁབ་ཀྱི་འདེབས་འཛུགས་ཁེ་ལས་ཀྱིས་ང་ཚོའི་ཀུང་ཟིའི་རྒྱ་གྲོའི་ས་བོན་ནང་འདྲེན་བྱས་ཏེ་ཚོད་འདེབས་བྱེད་འདོད་ཡོད་ཀྱང་། ང་ཚོར་དེའི་སྐོར་གྱི་ཉམས་མྱོང་ཞན་པས། འབྲེལ་ཡོད་ཀྱི་འགྲོ་ལུགས་ཇི་ལྟར་སྒྲུབ་དགོས་པའང་མི་ཤེས། ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐངས་དེར། ཟི་ལིང་སྒོ་གཅལ་གྱི་ལས་སྒྲུབ་མི་སྣས་ང་ཚོར་རོགས་རམ་བྱས་པས། བདེ་ལེགས་ངང་རྒྱལ་ཡོངས་ཀྱི་ཐེངས་དང་པོར་ཕྱིར་འཚོང་བྱས་པའི་རྒྱ་གྲོའི་ས་བོན་ཐོན་སྐྱེད་རྟེན་གཞི་ཐོ་འགོད་དང་ས་བོན་ཕྱིར་འཚོང་བྱེད་པའི་ཆོག་མཆན་ཐོབ་ནས། ཕྱིར་འཚོང་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་། མ་འོངས་པར་ཡང་། ང་ཚོས་ཁཱ་ནཱ་ཏཱ་དང་། ཨ་ཀེན་ཐེན། མོ་ལོ་ཁོ་སོགས་ཕྱི་རྒྱལ་གྱི་ཁེ་ལས་ལ་རྒྱ་གྲོའི་ས་བོན་ཕྱིར་འཚོང་བྱས་ཏེ། ཕྱི་རྒྱལ་གྱི་ཁྲོམ་ར་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཟེར།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་ཆེད། ཟི་ལིང་སྒོ་གཅལ་གྱིས་ལས་གཉེར་རྐང་འཛིན་གྱིས་གྲུབ་པའི་ལས་སྒྲུབ་ཚན་ཆུང་བཙུགས་ནས། སྲིད་ཇུས་ཁྱབ་བསྒྲགས་ཀྱི་བྱ་འགུལ་སྤེལ་བ་དང་། ཁེ་ལས་ཁག་ལ་ཡོ་རབ་མནའ་འབྲེལ་གྱི་བརྟག་དཔྱད་རེ་བ་ངོ་སྤྲོད་བྱས་ཏེ། བླང་བྱ་ལྟར་ཁེ་ལས་ཀྱི་སྣེ་ཁྲིད་དེ་ཐོན་སྐྱེད་དོ་དམ་བྱེད་ཐབས་ལེགས་བསྒྱུར་དང་། ཕྱི་རྒྱལ་གྱི་ཁྲིམས་སྲོལ་དང་མཐུན་པའི་སྒོ་ནས་ཐོན་རྫས་ཕྱིར་འཚོང་བྱེད་དགོས་པ་མ་ཟད། ཁེ་ལས་ལ་གནད་ཁེལ་རོགས་སྐྱོར་བྱས་ཏེ། གོ་རིམ་ལ་ལྟ་ཞིབ་དང་། ཞིང་ཁའི་འབུ་གནོད་ལ་བརྟག་ཞིབ། ཐོན་སྐྱེད་རྒྱུ་སྤུས་ལ་ཚོད་འཛིན། ཕྱོགས་བསྡུས་དཔྱད་འཇོག་དང་དཔང་ཡིག་ལྟར་ཕྱིར་གཏོང་བྱེད་པ་སོགས་མུ་རྒྱུད་གཅིག་པའི་ལྟ་ཞིབ་རྣམ་པ་བཙུགས་ནས། སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱས་ཏེ་ཐོན་སྐྱེད་ལ་ཤུགས་བསྣན།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།