ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་བཟོ་ཚོགས་ཀྱི་ནོར་སྲིད་ལ་རྩིས་བཤེར་བྱས།
2025.02.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞི་རིམ་བཟོ་ཚོགས་སོ་སོའི་གྲོན་དངུལ་གཏོང་ལེན་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། བཟོ་ཚོགས་ཀྱི་གྲོན་དངུལ་དོ་དམ་གྱི་ཚད་ལྡན་བརྒྱུད་རིམ་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་ནས། རྒྱ་ཆེའི་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཆེད། ཟླ2པའི་ཚེས17ཉིན་ནས་ཚེས18ཉིན་བར། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བཟོ་ཚོགས་དང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཁོངས་གཏོགས་ཀྱི་གཞི་རིམ་བཟོ་ཚོགས་བརྒྱད་ཅུའི2023ལོ་དང2024ལོའི་བཟོ་ཚོགས་ཀྱི་གྲོན་དངུལ་བསྡུ་ལེན་དང་དོ་དམ། བེད་སྤྱོད་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་དང་ཞིབ་ཕྲའི་སྒོ་ནས་རྩིས་བཤེར་བྱས། 

ཐེངས་འདིའི་རྩིས་བཤེར་བྱ་བ་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་བཟོ་ཚོགས་ཀྱི་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་ཚན་ཁག་བཙུགས་ནས་ལག་བསྟར་གྱི་འགན་ཁུར་ཞིང་། རྩིས་བཤེར་ཚན་ཁག་དེ་ཚན་ཆུང་གསུམ་དང་ཚན་ཆུང་རེར་མི་གཉིས་རེ་བྱས་པ་དང་། ལས་བགོས་གསལ་བོ་ཡིན་ལ་མཉམ་སྡེབ་མཉམ་ལས་བྱས། ཚན་ཆུང་སོ་སོས་རྩིས་བཤེར་གྱི་བརྒྱུད་རིམ་གཞིར་བཟུང་སྟེ། རྩིས་བཤེར་བྱ་བ་ཕྱོགས་ཡོངས་དང་གཏིང་ཟབ་པ། དྲང་གཞག་ཡིན་པ་བཅས་ལ་ཁག་ཐེག་བྱས།

རྩིས་བཤེར་བྱེད་སྐབས་འབྲེལ་ཡོད་ཀྱི་སྒྲིག་སྲོལ་ལམ་ལུགས་གཞིར་བཟུང་ནས། ལྟ་བ་དང་ཞིབ་བཤེར། ཉན་པ་བཅས་ཀྱི་བྱེད་ཐབས་སྤྱད་པ་དང་། གཙོ་བོ་གཞི་རིམ་བཟོ་ཚོགས་སོ་སོའི་གྲོན་དངུལ་གཏོང་ལེན་དེ་འབྲེལ་ཡོད་གཏན་འབེབས་དང་འཚམ་མིན། ཞིབ་མཆན་གནང་བའི་འགྲོ་ལུགས་ཚད་ལྡན་ཆ་ཚང་ཡིན་མིན་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་མ་ལག་ལྡན་པའི་གསེད་བཀྲོལ་དང་ཞིབ་བཤེར་བྱས། རྩིས་བཤེར་བྱ་བ་མཇུག་སྒྲིལ་རྗེས། ཞིང་ཆེན་ཐད་གཏོགས་ལས་ཁུངས་བཟོ་ཚོགས་ཀྱིས་འདྲི་གཅོད་ཨུ་ཡོན་ལྷན་ཁང་བརྒྱུད་དེ་རྩིས་བཤེར་བྱེད་སྐབས་ཀྱི་གནད་དོན་དུས་ཐོག་ཏུ་འབྲེལ་ཡོད་ཀྱི་གཞི་རིམ་བཟོ་ཚོགས་དང་འབྲེལ་འདྲིས་བྱས་པར་མ་ཟད། ལེགས་བཅོས་བརྒྱུད་རིམ་ལ་རྗེས་འདེད་མཛུབ་སྟོན་བྱས་པ་དང་། དུས་བཅད་ལེགས་བཅོས་ལ་ལྟ་སྐུལ་བྱས་ནས། ནན་ཏན་སྒོས་རྩིས་བཤེར་ལེགས་བཅོས་ཀྱི་བྱ་བའི་མཇུག་ལེགས་པར་བསྐྱངས། 

ཐེངས་འདིའི་རྩིས་བཤེར་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པ་སྟེ། གཞི་རིམ་བཟོ་ཚོགས་ཀྱི་གྲོན་དངུལ་དོ་དམ་དང་བེད་སྤྱོད་ནུས་ལྡན་སྒོས་ཚད་ལྡན་དུ་བཟོས་པ་དང་། གྲོན་དངུལ་བེད་སྤྱོད་ཀྱི་ཕན་འབྲས་མཐོར་འདེགས་བཏང་ལ། གཞི་རིམ་བཟོ་ཚོགས་ལས་བྱེད་པའི་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་འདུ་ཤེས་དང་འགན་འཁྲི་ཁག་ཁུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། གཞི་རིམ་བཟོ་ཚོགས་ཀྱིས2025ལོར་བྱ་བ་སྣ་ཚོགས་བདེ་ལེགས་ངང་བསྒྲུབ་པར་རྨང་གཞི་བརྟན་པོ་བཏིངས། 

ལྷ་མོ་འཚོས་བསྒྱུར།