ད་ལོའི་ལོ་མགོ་ནས་བཟུང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་གནས་བརྗེ་སྤོར་གྱི་མཐོ་རླབས་དུས་སྐབས་དང་ཁེ་ལས་ཀྱིས་ལས་སྒོ་འབྱེད་པ་དང་ཐོན་ལས་བསྐྱར་གསོ་བྱེད་པའི་འགག་རྩའི་དུས་སྐབས་དམ་འཛིན་བྱས་ཏེ། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གྲོས་དོན་མཐུན་སྦྱོར་རྐྱེན་སྲོལ་གྱི་བྱེད་ནུས་སྔར་ལས་འདོན་སྤེལ་བྱས་པ་དང་། བརྟན་པོའི་ངང་འཕར་བ་དང་ལས་ཞུགས་བརྟན་པོར་འཕར་བའི་འཁོར་རྒྱུག་ལེགས་ཤོས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་ནས། ཐབས་བརྒྱ་ཇུས་སྟོང་གིས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་།
ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཀྱི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ནན་མོ་བཏང་བ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་གཏན་འབེབས་བཟོས་ནས་ལག་བསྟར་བྱས་ལ། ཁེ་ལས་དང་མང་ཚོགས་ཀྱིས་ཚོར་ཐུབ་པའི་སྲིད་ཇུས་སྐོར་ཞིག་བཏོན། འགན་འཁྲི་ཉུང་འཕྲི་དང་ལས་གནས་གཏན་འཇགས་ཀྱི་སྲིད་ཇུས་ལེགས་སྒྱུར་བྱས་པ་དང་། ལས་ཆོད་མཐོ་ལ་གནད་ལ་འཁེལ་བའི་སྒོ་ནས་ལས་གནས་གཏན་འཇགས་བསྐྱར་གསོ་དང་། ལག་རྩལ་མཐོར་འདེགས་ཀྱི་ཁ་གསབ། སྤྱི་ཚོགས་འགན་བཅོལ་གྱི་དུས་རིམ་རང་བཞིན་གྱི་རིན་གཅོག ལས་ཞུགས་ཁུ་བསྡུའི་ཁ་གསབ། ལས་གཏོད་འགན་སྲུང་དངུལ་བུན་སོགས་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གསོག་ཚད་སྲིད་ཇུས་ཀྱི་ནུས་སྣང་ཕྱིར་གཏོང་གང་ལེགས་བྱས།
མཚོ་སྔོན་གྱི་ལས་ཞུགས་འགུལ་སྐྱོད་ཟབ་སྤེལ་བྱས་ཏེ། ཁྱབ་ཁོངས་གཙོ་བོ་དང་ལས་རིགས་གཙོ་བོ། གྲོང་གསེབ་གཞི་རིམ་དང་ཁེ་ལས་ཆུང་འབྲིང་བཅས་ཀྱི་ལས་ཞུགས་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱས་པ་དང་། ཁེ་ལས་ནང་ཞུགས་པའི་ཞབས་ཞུ་ལེགས་སྒྱུར་བྱས་ལ། ལས་མི་བཀོལ་བའི་འགན་སྲུང་ཇེ་དྲག་ཏུ་བཏང་། ཚོགས་སྒྲིག་རྣམ་པའི་ཕྱིར་སྐྱོད་ལས་ཞུགས་ཤུགས་ཚད་ཇེ་ཆེར་བཏང་སྟེ། དམིགས་གཏད་རང་བཞིན་གྱི་ལས་རིགས་མཛུབ་སྟོན་དང་ལྟ་སྦྱོང་གསོ་སྦྱོང་ལ་ཤུགས་བསྣན་པ་དང་། ན་གཞོན་ཚོས་ཡང་དག་པའི་ལས་ཞུགས་ལྟ་བ་དང་ལས་འདེམས་ལྟ་བ་འཛུགས་པར་རོགས་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་མགྱོགས་མྱུར་ངང་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་།
ལས་ཞུགས་ཞབས་ཞུའི་སྤུས་ནུས་སྔར་ལས་ལེགས་སྒྱུར་བྱས་པ་དང་། སྤྱི་བའི་ལས་ཞུགས་ཀྱི་ཆེད་དོན་ཞབས་ཞུའི་བྱ་འགུལ་ལེགས་པོར་བསྒྲུབས་ལ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཁེ་ལས་གཙོ་བོ་སྐྱེད་སྲིང་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་སུ་ལས་བསྡུའི་བྱ་འགུལ་མང་པོ་སྤེལ་བ་དང་། ཡུལ་བབ་དང་བསྟུན་ནས་ཉིན་གླའི་ཁྲོམ་ར་འཛུགས་སྐྲུན་བྱས་ལ། ཁྱིམ་དང་ཐག་ཉེ་སའི་ལས་ཞུགས་ཞབས་ཞུའི་ས་ཚིགས་དང་སྐར་བཅོ་ལྔའི་ལས་ཞུགས་ཞབས་ཞུའི་ཚོགས་པ་བཙུགས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་ལ་རོགས་ཤུགས་བཏོན།
ལྷ་མོ་འཚོས་བསྒྱུར།