སྡེ་ཁག་དྲུག་གིས་བྱེད་ཐབས་པར་འགྲེམས་བྱས་ཏེ་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ལ་འགན་ལེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2025.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཚེས21ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་མ་ལག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་སྒྲིག་གཞིའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁེ་ལས་ཆུང་བ་དང་ཆུང་གྲས།“ཞིང་གསུམ”སོགས་ཚོང་གཉེར་བྱེད་པོར་ཞབས་ཞུ་སྔར་ལས་བཟང་པོ་སྒྲུབ་པའི་ཆེད་དུ། ནོར་སྲིད་པུའུ་སོགས་སྡེ་ཁག་དྲུག་གིས་ཉེ་ལམ《སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་འཕེལ་རྒྱས་དོ་དམ་བྱ་ཐབས》པར་འགྲེམས་བྱས་པ་དང་། 2025ལོའི་ཟླ3ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

བྱེད་ཐབས་ནང་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་སྒྲིག་གཞིས་སྲིད་ཇུས་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་ལས་སྒོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་དང་གཙོ་གནད་བྱ་ཡུལ་དང་ཉམས་ཞན་ཁྱབ་ཁོངས་ལ་དམིགས་ཏེ། གཙོ་གནད་དུ་ཁྱིམ་ཚང་རྐྱང་བའི་འགན་ལེན་དངུལ་གྲངས་སྒོར་བྱེ་བ་གཅིག་དང་དེའི་མན་གྱི་ཁེ་ལས་ཆུང་བ་དང“ཞིང་གསུམ”ཀྱི་གཙོ་གཟུགས་ཡིན་པར་མ་དངུལ་བསྡུ་སྒྲིལ་འགན་ལེན་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པ་གསལ་བོ་བཟོས་ཡོད། ཞིང་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་འགན་ལེན་དངུལ་གྲངས་ཀྱིས་འགན་ལེན་དངུལ་གྲངས་ཡོངས་སུ་བཟུང་བའི་བསྡུར་ཚད་དེ་རྩ་དོན་ཐོག་བརྒྱ་ཆའི་བརྒྱད་ཅུ་ལས་དམའ་མི་ཆོག་པ་དང་། དེའི་ནང་ཁྱིམ་ཚང་རྐྱང་པའི་ཁག་ཐེག་དངུལ་གྲངས་སྒོར་ས་ཡ་ལྔ་དང་དེའི་མན་གྱིས་བཟུང་བའི་བསྡུར་ཚད་དེ་རྩ་དོན་ཐོག་བརྒྱ་ཆའི་ལྔ་བཅུ་ལས་དམའ་མི་ཆོག

བྱ་ཐབས་ནང་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་སྒྲིག་གཞིས་ལས་ཞུགས་ནུས་པ་ཆེ་བ་དང་ངལ་རྩོལ་མང་འདུས་ཅན་གྱི་ཁེ་ལས་ཆུང་བ་དང“ཞིང་གསུམ”སོགས་ཚོང་གཉེར་བྱེད་པོ་བསྡུ་ལེན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ལས་གནས་བརྟན་པོ་དང་ལས་གནས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ལ་ཧུར་ཐག་གིས་ཞབས་ཞུ་སྒྲུབ་ཏེ། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ་དང་ལས་ཞུགས་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་མཐུན་སྦྱོར་མཉམ་འགུལ་མངོན་འགྱུར་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བྱ་ཐབས་ལྟར་ན། མངོན་མེད་བུ་ལོན་གསར་དུ་འཕར་བ་སྔོན་འགོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ས་གནས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་མ་རྩ་ཁ་གསབ་དང་ཉེན་ཁའི་ཁ་གསབ། འགན་ལེན་གྲོན་དངུལ་ཁ་གསབ། ལས་སྒོའི་བྱ་དགའི་ཁ་གསབ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ཏེ། ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་ལས་ཁུངས་ཀྱི་འགན་ལེན་སྟོབས་ཤུགས་དང་མ་རྩའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་འགན་ལེན་ལས་ཁུངས་ཀྱིས་རྒྱུན་མཐུད་ཚོང་གཉེར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་སྒོའི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་། ལས་གནས་བརྟན་པོ་དང་ཇེ་མང་དུ་གཏོང་བ། དངོས་ཕུང་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པ་བཅས་སྔར་ལས་ལེགས་པོ་བྱེད་དགོས། བྱ་ཐབས་ནང་ད་དུང་གྲུབ་འབྲས་དཔྱད་ཞིབ་དང་ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་ལ་དམིགས་ནས་བླང་བྱ་བཏོན་ཡོད།

ཤ་བོ་རིན་མཚོས་བསྒྱུར།