མཚོ་སྔོན་གྱིས“ལོ་ལོན་དང་བྱིས་པ་ཡི”བདེ་ཐང་ཞབས་ཞུའི་མཁོ་སྤྲོད་ལ་མུ་མཐུད་དུ་ཤུགས་བསྣན།
2025.02.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་རང་ཞིང་གིས་བུ་སྐྱེས་རྒྱབ་སྐྱོར་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བུ་སྐྱེས་སྲིད་ཇུས་དོན་འཁྱོལ་ཐད་སྐུལ་འདེད་གཏོང་བ། སྤྱི་ཕན་གསོ་སྐྱོང་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཞབས་ཞུའི་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ལོ་ལོན་དང་བྱིས་པར་སྔར་ལས་སྤུས་ལེགས་ཡིན་པ་དང་སྔར་ལས་སྟབས་བདེ་ཡིན་པ། སྔར་ལས་བདེ་ཐང་ཡིན་པ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

“ལོ་ལོན་དང་བྱིས་པ་ཡི”བདེ་ཐང་ཞབས་ཞུའི་མཁོ་སྤྲོད་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་ཕན་ནུས་རང་བཞིན་ལ་འགན་ལེན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་ཀྱི་ངོས་ནས་ཁྱོན་ཡོངས་ལེགས་སྒྱུར་དང་གསར་གཏོད་བྱས་ཏེ། རྒན་གསོའི་གསོ་སྐྱོང་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྒན་གསོའི་གསོ་སྐྱོང་ཞབས་ཞུའི་ཁྲོད་ཀྱི་རིམ་པོ་སོ་སོའི་སྲིད་གཞུང་གི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་སྟོབས་ཤུགས་ནང་འདྲེན་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་པ་བརྒྱུད། གཞི་ནས་སྤྱི་ཕན་རང་བཞིན་གྱི་རྒན་གསོའི་གསོ་སྐྱོང་ཞབས་ཞུའི་མཁོ་སྤྲོད་ཐབས་ལམ་སྔར་ལས་རྒྱ་སྐྱེད་བཏང་ཡོད།

ད་ལོ་མཚོ་སྔོན་གྱིས་བུ་སྐྱེས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་དང་སྐུལ་སློང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་དང་ཁེ་ལས། ཁྱིམ་ཚང་བཅས་ཀྱི“གནས་གསུམ་གཞི་གཅིག”གི་བུ་སྐྱེས་མ་གོང་འགན་འཁུར་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ས་གནས་སོ་སོས་བུ་སྐྱེས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་གཏན་འབེབས་དང་འདོན་རྒྱུར་མཛུབ་སྟོན་བྱས་ཏེ། མང་ཚོགས་ཀྱི་བུ་སྐྱེས་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་ཏན་ཏིག་ངང་ཆུང་དུ་བཏང་ནས། མི་འབོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 2025ལོར་རྫོང་དང་གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས་ཚང་མར་ཉུང་མཐར་ཡང་སྤྱི་ཕན་གསོ་སྐྱོང་ལས་ཁུངས་གཅིག་འཛུགས་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།