ཀྲེ་ཅང་དང་མཚོ་ནུབ་ཀྱི་སློབ་གསོ་དང་སྨན་བཅོས་རོགས་སྐྱོར་གྱི་དགོས་མཁོ་སྦྲེལ་མཐུད་གྲོས་ཚོགས་ཧང་ཀྲིག་ཏུ་བསྡུས།
2025.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གཉིས་ཀྱི་དགོས་མཁོ་སྦྲེལ་མཐུད་རྐྱེན་སྲོལ་དང་ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཚོགས་པ་ཆུང་བའི་རོགས་སྐྱོར་བྱ་བའི་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་ལག་བསྟར་ཚོད་ལྟ་གྲོས་གཞི་ལག་བསྟར་བཟང་བོ་བྱེད་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་སྤུས་ལེགས་དོ་མཉམ་འཕེལ་རྒྱས་དང་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་ཆེད། ཀྲེ་ཅང་ཞིང་ཆེན་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་མཐུན་སྦྱོར་སྦྲེལ་མཐུད་འོག ཀྲེ་ཅང་དང་མཚོ་ནུབ་ཀྱི་སློབ་གསོ་རོགས་སྐྱོར་གྱི་དགོས་མཁོ་སྦྲེལ་མཐུད་གྲོས་ཚོགས་དང་སྨན་བཅོས་རོགས་སྐྱོར་གྱི་དགོས་མཁོ་སྦྲེལ་མཐུད་གྲོས་ཚོགས་ཟླ2པའི་ཚེས20ཉིན་དང་ཚེས21ཉིན་སོ་སོར་ཧང་ཀྲིག་ཏུ་བསྡུས། སྦྲེལ་མཐུད་གནད་ཕིགས་ནུས་ལྡན་བྱེད་ཆེད། གྲོས་ཚོགས་སྔོན་དུ་མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་དང་མཉམ་དུ་ཕྱོགས་ཡོངས་ནས་མཐིལ་རྟོགས་ཞིབ་བཤེར་བྱས་པ་དང་། དགོས་མཁོའི་གསལ་ཁྲ་གྲུབ་པར་བྱས་ནས། ཕྱོགས་གཉིས་ཀྱིས་ཚོགས་ཐོག་ཏུ་དགོས་མཁོའི་དོན་བྱ་ཐད་ནས་སྔར་ལས་སྦྲེལ་མཐུད་བཟང་བོ་བྱས།

སྦྲེལ་མཐུད་གྲོས་ཚོགས་སྟེང་། མིག་སྔར་མཚོ་ནུབ་ཀྱི་སློབ་གསོའི་མདུན་དུ་ལྷགས་པའི་ཁུལ་ཁོངས་དང་སློབ་གྲྭའི་འཕེལ་རྒྱས་དོ་མི་མཉམ་པ་དང་། སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན་རྗེས་ལུས་ཡིན་པ། དགེ་རྒན་གྱི་སྟོབས་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ། ཀྲེ་ཅང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་ཚོགས་ཞུགས་མི་སྣས། མུ་མཐུད་དུ་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཛའ་མཐུན་སྲ་བརྟན་དུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་ཀྲེ་ཅང་ཞིང་ཆེན་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ལ་རྒྱབ་སྐྱོར་གཞོགས་འདེགས་བྱས་ནས་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་དམིགས་ནས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། འགན་འཁྲི་ཁག་ཁུར་ཕྲག་ཏུ་བླངས་ནས། སློབ་གསོ་བྱ་བའི་ཁ་ཕྱོགས་ཡང་དག་བརྒྱུད་དེ་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས། མ་ལག་ཅན་གྱི་རོགས་སྐྱོར་མ་དཔེ་འཛུགས་པ་དང་། ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་ཚོང་རྟགས་འཕེལ་རྒྱས་སུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་སློབ་གསོ་རོགས་སྐྱོར་གྱི་མིང་བྱང་བསྐྲུན་དགོས། མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆེད་དོན་གྲོས་ཚོགས་དང་དགོས་མཁོ་སྦྲེལ་མཐུད་རྐྱེན་སྲོལ་འཛུགས་པ། ཕུན་ཚུན་འཚམས་འདྲི་དང་སློབ་སྦྱོང་བྱས་ནས། དཔེ་ལྟ་བྱེད་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཉམས་མྱོང་གྲུབ་པར་བྱེད་དགོས་པའི་ཚུལ་བསྟན།

ཀྲེ་ཅང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་མཚོ་ནུབ་ཀྱི་དགོས་མཁོའི་གསལ་ཁྲ་གཙིགས་སུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་ཐོན་ཁུངས་ལ་གཅིག་འདོམས་བྱེད་པ་དང་། རོགས་སྐྱོར་མ་དཔེ་སྐབས་བརྗེ་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། ཀྲེ་ཅང་དང་མཚོ་སྔོན་གཉིས་ཀྱི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་བར་གྱི་རྒྱུན་རྣམ་ཅན་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། ལས་འགན་གཙོ་བོར་དམིགས་ནས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རོགས་སྐྲུན་ལས་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་རྒྱུ་ཡིན་ལ། ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་རྐང་འཛིན་པ་གདམ་མངགས་བྱས་ཏེ། མཚོ་ནུབ་ཀྱི་སྨན་བཅོས་ཐད་དཀོན་པའི་བསླབ་ཚན་སྟོབས་ཤུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ས་གཉིས་ཀྱི་ཚན་ཁག་བར་གྱི་འབྲེལ་འདྲིས་དང་ལས་སྒོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཁྱད་ལྡན་ཚན་ཁག་འཛུགས་པ་དང་། གནས་གཅིག་གིས་ཕྱོགས་ཡོངས་ལ་སྣེ་ཁྲིད་བྱེད་པའི་བསླབ་ཚན་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱེད་རྒྱུ་རེད། དགོས་མཁོ་ལྟར་གདམ་མངགས་བྱེད་པ་དང་འགུལ་རྣམ་རེས་སྐོར་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་། དུས་ངེས་མེད་དུ་ཀྲེ་ཅང་གི་སྨན་བཅོས་ཐད་ཀྱི་ཆེད་མཁས་པ་མཚོ་ནུབ་ཏུ་མངགས་ནས་སྒོ་བསྟེན་གཤགས་བཅོས་དང་གསོ་སྦྱོང་ཟུར་ཁྲིད། རིག་གཞུང་བརྗེ་རེས་སོགས་ཀྱི་སྨན་བཅོས་རོགས་སྐྱོར་བྱ་བ་སྤེལ་ནས། མཚོ་ནུབ་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།