མཚོ་སྔོན་གུང་གཞོན་ཚོགས་པའི2025ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་རྗེས་དྲན་ཉིན་མོ་དང་ན་གཞོན་དང་བླངས་ཞབས་ཞུའི་མུ་འབྲེལ་བྱ་འགུལ་སྤེལ་མགོ་བརྩམས།
2025.03.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3པའི་ཚེས2ཉིན། སྐབས་རེ་གཉིས་པའི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་རྗེས་དྲན་ཉིན་མོ་ཐོན་ལ་ཉེ་དུས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ན་གཞོན་དང་བླངས་པའི་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་གུང་གཞོན་ཚོགས་པའི2025ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་རྗེས་དྲན་ཉིན་མོ་དང་ན་གཞོན་དང་བླངས་ཞབས་ཞུའི་མུ་འབྲེལ་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས།

མགོ་རྩོམ་མཛད་སྒོའི་སྟེང་། དང་བླངས་པའི་འཐུས་ཚབ་ཀྱིསལེ་ཧྥུན་ལ་བྲིས་པཞེས་པ་གྱེར་འདོན་བྱས་ནས། བློ་མཐུན་ལེ་ཧྥུན་གྱི་བླ་མེད་སྙིང་སྟོབས་ལ་རྗེས་དྲན་བྱས། སྐབས་བདུན་པའི་ཀྲུང་གོའི་ན་གཞོན་དང་བླངས་པའི་ཞབས་ཞུའི་ལས་གཞིའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་དེ། རྒྱ་ཆེའི་ན་གཞོན་དང་བླངས་པས་སྔར་ལས་ལྷག་པའི་སྒོ་ནས་དང་བླངས་ཞབས་ཞུར་རྐང་འཛུགས་པ་དང་། དང་བླངས་ཞབས་ཞུའི་ཚོང་རྟགས་ལས་གཞི་ཕུལ་དུ་བྱུང་བ་མང་པོ་བསྐྲུན་པར་སྐུལ་མ་བཏང་། འཕྲལ་བསྟུན་རྒུད་སྐྱོབ་ཀྱི་དང་བླངས་པའི་འཐུས་ཚབ་ཀྱིས་དང་བླངས་ཞབས་ཞུའི་སྐབས་ཀྱི་ཐོབ་བྱ་དང་ཚོར་བ། ཉམས་མྱོང་དང་བློ་སྐྱེད་བཅས་མཉམ་སྤྱོད་བྱས་པ་དང་། ནུབ་རྒྱུད་འཆར་འགོད་ཀྱི་དང་བླངས་པའི་འཐུས་ཚབ་ཀྱིས་ཞིང་ཆེན་ཡོངས་ཀྱི་ན་གཞོན་དང་བླངས་པར་དང་བླངས་ཞབས་ཞུའི་གྲོས་འགོ་བཏོན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ཞའོ་ཆིན་ཉིང་ན་གཞོན་དང་བླངས་ཞབས་ཞུའི་རུ་ཁག་ལ་དར་ཆ་སྤྲད་ནས། དང་བླངས་པའི་གཅིག་སྡུད་ནུས་པ་དང་མཉམ་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་། བྱ་འགུལ་གྱི་ཡུལ་དངོས་སུ། དང་བླངས་པས་གྲོང་ཁྱེར་གྱི་མང་ཚོགས་རྣམས་ཀྱིས་ལེ་ཧྥུན་སྙིང་སྟོབས་ཀྱི་བརྗོད་གཞིའི་འགྲེམ་སྟོན་ལ་བལྟ་བར་ཁྲིད་སྟོན་བྱས་ཏེ། ལེ་ཧྥུན་ལ་སློབ་སྦྱོང་བྱེད་པ་དང་། བླ་མེད་སྤྱོད་ཚུལ་སྐྱེད་སྲིང་། མིག་དཔེ་བརྩོན་ལེན་བྱེད་པ་བཅས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན། སྤྱི་ཕན་དང་བླངས་ཞབས་ཞུའི་ཡུལ་དངོས་སུ། ལས་རིགས་མི་འདྲ་བའི་དང་བླངས་པའི་རུ་ཁག་གིས་ཡུལ་དངོས་སུ་ཁྲིམས་ལུགས་འདྲི་རྩད་དང་། བདེ་ཐང་བརྟག་དཔྱད། བདེ་འཇགས་སློབ་གསོ་སོགས་ཀྱི་ཞབས་ཞུ་སྤེལ་བ་དང་། གྲོང་ཁྱེར་གྱི་མང་ཚོགས་རྣམས་ཀྱིས་ལྟ་ཞིབ་དང་ཟབ་ཞུགས་བྱེད་པར་བཀུག

ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་དུས་རབས་གསར་བའི་ན་གཞོན་དང་བླངས་པའི་བྱ་བའི་ཆོས་ཉིད་ལ་དམ་འཛིན་ཡང་དག་བྱས་པ་དང་། གུང་གཞོན་ཚོགས་པའི་ན་གཞོན་དང་བླངས་པའི་ཁྲོད་ཀྱི་ལྟེ་བའི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། དང་བླངས་པའི་རུ་ཁག་རྒྱ་སྐྱེད་པ་དང་། ཞབས་ཞུའི་ཚོང་རྟགས་གསར་གཏོད་བྱས་ལ། སྐྱེ་ཁམས་དཔལ་ཡོན་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་གཙོ་བོར་གཞིགས་ནས། རྒྱུན་རྣམ་ཅན་གྱིས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པ་དང་། སྤྲོ་སྣང་ལྡན་པའི་གུང་གསེང་། མཛེས་སྡུག་མཚོ་སྔོན། དང་བླངས་མཉམ་སྐྱོདསོགས་བརྗོད་གཞི་མི་འདྲ་བའི་ན་གཞོན་དང་བླངས་ཞབས་ཞུ་སྤེལ། 2024ལོར། སྐབས་བདུན་པའི་ཀྲུང་གོའི་ན་གཞོན་དང་བླངས་ཞབས་ཞུའི་ལས་གཞིའི་འགྲན་སྡུར་ཁྲོད། ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་ལས་གཞིར་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཉིས། ཟངས་ཀྱི་རྟགས་མ་གསུམ་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ། མིག་སྔའི་བར། ཞིང་ཆེན་ཡོངས་སུ་ན་གཞོན་དང་བླངས་པར་མིང་བཀོད་པའི་མི་འབུམ་གསུམ་དང་ཁྲི་ལྔ་ལས་བརྒལ་བ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས་སྟོང་གཅིག་དང་ལྔ་བརྒྱ་ཉེར་དགུ་ཡོད་ལ། ཞབས་ཞུའི་དུས་ཡུན་དུས་ཚོད་ས་ཡ་གཉིས་དང་འབུམ་བཞི་ཁྲི་གསུམ་ལྷག་ཡིན། 

ལྷ་མོ་འཚོས་བསྒྱུར།