ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་འཚོགས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལས་དོན་ཚོགས་འདུའི་ཐོག་ཉིས་སྟོང་ཉེར་བཞི་ལོའི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་ཉིས་སྟོང་ཉེར་ལྔ་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་དང་། ཉིས་སྟོང་ཉེར་ལྔ་ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྒྲིག་སྲོལ་འཛུགས་སྐྱོང་གི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་དོན་མཐའ་འཁྱོངས་དང་། རྒྱལ་ཁབ་སྤྱི་གླིང་གི་སྤྱི་ཡོངས་སྲུང་སྐྱོང་དང་མཐའ་འཁོར་སྡེ་ཁུལ་གྱི་འཕེལ་རྒྱས་འབྲེལ་བ་སྤྱི་འདོམས་ཡག་པོ་བྱེད་པ། དམིགས་བསལ་གཉེར་སྐྱོང་རྒྱུན་མཐུད་ངང་འཚོལ་ཞིབ་བྱེད་པ། ཞིང་ལས་མཉམ་འབྲེལ་སྣེ་ཁྲིད་ཀྱི་ཞིང་པའི་ལམ་སྲོལ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བའི་གཉིས་ཕན་གྱི་ལམ་བུ་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་རྒྱུ་རེད།
རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཚད་མཐོའི་ཐོག་འཕེལ་རྒྱས་གཏོང་རྒྱུར་ཇུས་འགོད་བྱེད་དགོས། ཉིས་སྟོང་ཉེར་བཞི་ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཧུར་ཐག་སྒོས་སྣོད་བཅུད་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་བྱེད་རྒྱུ་དེ་སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་གྱི་གྲས་སུ་བརྩིས་ནས་འཕེལ་རྒྱས་དང་སྲུང་སྐྱོང་གི་དོ་སྙོམས་ས་ཚིགས་ལེགས་ཤོས་འཚོལ་ཞིབ་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་བར་གྱི་རྩྭ་སའི་འཕྲོག་རྩོད་ཀྱི་འགལ་བ་ཐག་གཅོད་བྱེད་པའི་ཚོད་ལྟར་སྐུལ་འདེད་ཏན་ཏིག་བཏང་བ་དང་། བྱེད་ལས་རང་བཞིན་གྱི་རྩྭ་རའི་རྣམ་གྲངས་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ལ་མཉམ་འབྲེལ་བྱས་ཏེ་གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་ཁུལ་གྱིས་གཅན་གཟན་གྱིས་མིར་གནོད་སྐྱེལ་བའི་འགོག་སྲུང་བྱེད་ཐབས་ལག་བསྟར་དང་འགོག་སྲུང་མ་ལག་འཐུས་ཚང་དུ་བཏང་ཡོད། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཉེར་སྐྱོང་རང་བཞིན་གྱི་རྣམ་གྲངས་ཀྱི་དམིགས་བསལ་ཆོག་འཐུས་ལས་གཉེར་དོ་དམ་བྱ་ཐབས》བཟོ་བཅོས་བྱས་ནས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མི་དམངས་སྲིད་གཞུང་གིས་གཡུ་འབྲུག་ལྷ་རྩེའི་སྣོད་བཅུད་ཉམས་ལེན་གྱི་དམིགས་བསལ་ལས་གཉེར་རྣམ་གྲངས་འཚོལ་ཞིབ་བྱ་རྒྱུར་མཛུབ་ཁྲིད་དང་། སྐོར་ཁུལ་གྱི་སྣོད་བཅུད་དོ་དམ་སྲུང་སྐྱོང་བའི“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”གི་སྲིད་ཇུས་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར་གྲོང་ཚོར་སྣོད་བཅུད་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་སྒྱུར་བཀོད་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བཅས་བྱས་ཏེ་སྡེ་ཁུལ་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཐབས་ལམ་མང་པོའི་སྒོ་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ཡོད།
ད་ལོ་ནི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གཏིང་ཟབ་སྒོས་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་གནད་འགག་གི་ལོ་ཞིག་ཡིན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་འཆར་འགོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱེད་པ་དང་། དམིགས་བསལ་ལས་གཉེར་གྱིས་ཞིང་འབྲེལ་ཞིང་འཁྲིད་བྱ་བར་མུ་མཐུད་འཚོལ་ཞིབ་བྱེད་པ།“རང་བྱུང་གཙོ་བོར་འཛིན་པ་དང་དམངས་ཕན་རྩ་བར་འཛིན་པ”མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་སའི་མཚོ་སྔོན་ལྷོ་རྒྱུད་ཀྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱ་རྒྱུའི་གོ་སྐབས་དམ་འཛིན་བྱས་ནས། དྲང་ཕྱོགས་ཀྱི་གསལ་ཐོ་དང་ལྡོག་ཕྱོགས་ཀྱི་གསལ་ཐོ་ཞིབ་ཕྲ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་སྤྲོ་འཆམ་དང་། ཚན་རིག་ཞིབ་འཇུག ཁོར་ཡུག་སློབ་གསོ། སྐྱེ་ཁམས་ཉམས་ལེན་སོགས་ལས་གཉེར་རང་བཞིན་གྱི་ཞབས་ཞུར་ཞིབ་འཇུག་དང་། རྣམ་གྲངས་ཀྱི་གསལ་ཐོ་དང་། དབང་སྤྲོད་མཁན། དབང་སྤྲོད་ལས་རིམ། ལས་གཉེར་ལྟ་སྐུལ། ཡོང་འབབ་བགོ་བཤའ། དུས་བཅད་དཔྱད་འཇོག་སོགས་ཕྱོགས་དྲུག་གི་ཐད་ནས་དམིགས་བསལ་ལས་གཉེར་ལམ་ལུགས་ཞིབ་འཇུག་འཐུས་ཚང་དུ་གཏོང་བ་དང་འབྲེལ་ཡོད་ལས་དོན་ལ་སྐུལ་སྤེལ་བརྟན་པོ་གཏོང་བ་དང་། སྤུས་ཚད་མཐོ་ཞིང་སྣ་མང་ཅན་གྱི་སྐྱེ་ཁམས་ཐོན་རྫས་མ་ལག་འཛུགས་པ་བཅས་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་ཚུལ་སྒྱུར་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཚེ་མགོན་རྒྱལ་གྱིས་བསྒྱུར།